གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲུབ་ཆེན་ཨུ་རྒྱན་པ།

2017-09-09 12:10:46 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

རབ་བྱུང་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༢༣༠ ལོར་ཡབ་རྒྱུས་དབོན་ཇོ་འཕན་དང་། ཡུམ་ཕྱུག་མོ་དུག་གེ་མ་གཉིས་ཀྱི་སྲས་སུ་འཁྲུངས། རབ་བྱུང་ལྔ་པའི་ས་བྱ་ཕྱི་ལོ་ ༡༣༠༩ ལོར་སྐུ་གཤེགས། ཆུང་དུས་ཡབ་ཀྱི་མདུན་ནས་ཡི་གེའི་འབྲི་ཀློག་དང་། གསང་སྔགས་ཀྱི་ཆོས་མང་པོ་གསན། བཅུ་དྲུག་པར་བོ་དོང་ཨེ་དགོན་དུ་བྱོན། ཆོས་རྗེ་རིན་ཆེན་རྩེ་མོ་ལས་མངོན་པ་གོང་འོག་དང་། ཚད་མ། དབུ་མ་བཅས་གསན། ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། ཉི་ཤུ་པར་བསྙེན་པར་རྫོགས། མཚན་ལ་རིན་ཆེན་དཔལ་གསོལ། ལོ་ངོ་བཅུ་གཉིས་རིང་དུ་ཆོས་རྗེ་རིན་ཆེན་རྩེ་མོ་དང་། གོང་ལུང་པ་ནམ་མཁའ་རྒྱལ་མཚན། དུས་འཁོར་བ་སངས་རྒྱས་རྡོ་རྗེ་བཅས་བསྟེན། དུས་འཁོར་འགྲོ་ལུགས་དང་། ཆགས་ལུགས། རྩ་མི་ལུགས་བཅས་ལ་སློབ་སྦྱངས་མཛད། དུས་འཁོར་དང་། སྐར་རྩིས་ལ་ཤིན་ཏུ་མཁས་པར་གྱུར། ཆོས་རྗེ་རྒོད་ཚང་པ་དང་ཀརྨ་པཀྵི་གཉིས་བསྟེན། བཀའ་བརྒྱུད་པའི་ཆོས་སྐོར་མཐའ་དག་གསན། མང་ཡུལ་སྐྱིད་གྲོང་ལ་ལམ་བྱས་ནས་ཁ་ཆེའི་ཡུལ་དུ་བྱོན། ཨོ་རྒྱན་གྱི་ཡུལ་དུ་ཕེབས། གསང་སྔགས་ཀྱི་ཆོས་མང་དུ་གསན། སོ་གཉིས་པར་རྒྱ་གར་རྡོ་རྗེ་གདན་དུ་བྱོན། མཆོད་རྟེན་ལ་ཞིག་གསོས་གནང་། རབ་བྱུང་ལྔ་པའི་ས་བྱི་ཕྱི་ལོ་ ༡༢༨༨ ལོར་ཀརྨ་པཀྵིའི་ཞལ་ཆེམས་ལྟར། རང་བྱུང་རྡོ་རྗེ་ཀརྨ་པཀྵིའི་ཡང་སྲིད་དུ་ངོས་བཟུང་། བོད་གངས་ཅན་གྱི་ལྗོངས་འདིར་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་ལུགས་གསར་དུ་ཚུགས། རེ་གསུམ་པ་རབ་བྱུང་ལྔ་པའི་ཆུ་འབྲུག་ཕྱི་ལོ་ ༡༢༩༢ ལོར་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་གདན་དྲངས། རྒྱལ་པོ་དང་བློན་འབངས་བཅས་ལ་ཆོས་མང་པོ་གསུངས། རྒྱལ་བུའི་ཕྱག་བསྙུན་བར་སུས་ཀྱང་བཅོས་མ་ཐུབ་པ་འཆོས་པར་མཛད། རྒྱལ་པོ་དགྱེས་ནས་འབུལ་བ་ཚད་མེད་ཕུལ་ཡང་སྣ་གཅིག་ཀྱང་མ་བཞེས་པར་བོད་དུ་ཕེབས།


རྩོམ་སྒྲིག་པ། གངས་དགའ།
  

རྩོམ་ཁུངས། སྨོན་ལམ་ཚིག་མཛོད་ཆེན་མོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།