གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་དཀོན་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་ཀྱི་མཛད་རྣམ་མདོར་བསྡུས།

2018-09-12 14:19:32 གྲོག་མ།(ཆབ་མདོ) ཀློག་གྲངས། མཆན ཡོད།


                   

ཨ་དཀོན་སྤྲུལ་སྐུ་ཀརྨ་བཤད་སྒྲུབ་ལགས་ནི་ཁམས་རི་བོ་ཆེའི་ངོམ་ཡུལ་མདའ་རག་གྲོང་ཚོ་རུ་ཡབ་ཝ་རྒྱུད་བཀྲ་ཤིས་རིན་ཆེན་དང་ཡུམ་ཁ་ལུ་དོན་གྲུབ་ཆོས་སྐྱིད་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅུ་དྲུག་པའི་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ། སྤྱི་ལོ 1940 ལོའི་ཟླ་བ 4 པའི་ཚེས་པ 2 ཉིན་སྐུ་འཁྲུངས། ཡུལ་འདི་ནི་མཁས་གྲུབ་ཆགས་མེད་རིན་པོ་ཆེས་ངོམ་དུ་རུང་བའི་ཡུལ་ཞེས་གསུང་པ་ལྟར། དྲུང་མཁའ་སྤྱོད་པ་ནམས་མཁའ་རྒྱལ་མཚན་དང་། ཀརྨ་པ་དྲུག་པ་མཐོང་བ་དོན་ལྡན། བརྒྱད་པ་མི་བསྐྱོད་རྡོ་རྗེ། མཁས་གྲུབ་ཀརྨ་ཆགས་མེད། གནམ་ཆོས་མི་འགྱུར་རྡོ་རྗེ་སོགས་དམ་པ་མང་པོའི་སྐུ་ཡུལ་ཡིན་པས། དམ་པའི་ཆོས་དང་དམངས་སྲོལ་རིག་གནས་ལ་གཏིང་ཟབ་པའི་སྒོ་ནས་གོམས་འདྲིས་ཡོད་པའི་ཡུལ་སྡེ་ཞིག་ཡིན། དམ་པ་ཨ་དཀོན་རིན་པོ་ཆེ་ཁོང་སྐུ་འཁྲུངས་མ་ཐག་རྡོ་ཡི་ནེའུ་ལེ་ཞིག་ཁྱིམ་དུ་བབས་པས་མི་རྣམས་ཀྱིས་དེ་ནི་འཛམ་ནག་གི་དངོས་གྲུབ་ཡིན་པས་ཁྱེའུ་འདི་བསོད་ནམས་ཤིན་ཏུ་ཆེ་བ་ཞིག་ཡིན་ངེས་ཟེར་ནས་རྟེན་འབྲེལ་བརྟགས། ཀརྨ་པ་རིག་པའི་རྡོ་རྗེས་རྟགས་ཡིག་གནང་བ་ལྟར། ཚ་སྒྲོལ་མ་ལྷ་ཁང་གི་བླ་མ་ཆོས་གྲགས་དང་། ལྷ་དབང་གཉིས་སྤྲུལ་སྐུའི་ངོ་ཉུག་ལ་བྱོན་ནས་ངོམ་ཡུལ་གྱི་བྱིས་པ་བདུན་ཙམ་གྱི་མིང་ཐོ་ཀརྨ་པར་ཕུལ་བས། དེའི་ནང་གི་དམ་པ་འདི་ཉིད་ཨ་དཀོན་གོང་མའི་ཡང་སྲིད་དུ་ཐུགས་ཐག་བཅད་དེ། ཁོང་ལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་མཚན་ཡང་གསོལ།

དེའི་ཕྱི་ལོར་ཨ་དཀོན་གོང་མའི་གཅུང་པོ་ཚུལ་ཁྲིམས་བྱམས་པ་སོགས་བྱོན་ནས་སྤྲུལ་སྐུ་ལ་ན་བཟའ་ཕུལ་བ་དང་ཁྱིམ་ཚང་འདི་ལ་བླུ་ཡོན་ལུག་བརྒྱ་ཙམ་གནང་སྟེ། བོད་ཆུ་མོ་ལུག་གི་ལོ་སྟེ་ཕྱི་ལོ 1943 ལོར་ཕུན་ཚོགས་བསྟན་འཛིན་དང་གསེར་ཡིན་རྒད་པོ་དཀོན་མཆོག་ཚེ་དབང་སོགས་ཀྱིས་སྐུ་གོང་མའི་གདན་སར་གདན་དྲངས། སྡེ་དགོན་གཉིས་ཀྱིས་ཆིབས་བསུ་གྲ་རྒྱས་ཞུས་ཤིང་། སྒེ་རུ་དཔོན་བསོད་ནམས་རྒྱལ་མཚན་དང་སྨད་མ་དཔོན་ལུང་རིགས་སོགས་ཀྱིས་ཆིབས་ཁ་བླངས། ལོ་དེའི་ཟླ་བ་ལྔ་པའི་ཚེས་བཅུ་གཉིས་ཉིན་ཁྲི་འདོན་མངའ་གསོལ་བྱས། གིང་ནོག་སྤྲུལ་སྐུ་ཀརྨ་ཆོས་ཀྱི་བློ་གྲོས་ཀྱིས་མནྜལ་རྒྱས་བཤད་དང་ཞབས་བརྟན་སྨོན་ཚིག་ཕུལ། དགོན་སྡེ་དང་བླ་དཔོན་ཁག་སོ་སོ་ནས་འབྱོར་ཚོད་དང་བསྟུན་པའི་འབུལ་ཚན་དང་གཟེངས་བསྟོད་ཞུས་ཤིང་དགའ་སྤྲོ་ཕུན་སུམ་ཚོགས་པས་མཐའ་རྒྱས་པར་བྱས།

                     

དེ་ནས་ཡོངས་འཛིན་བླ་མ་གྲགས་པ་བསྟན་འཛིན་ལས་ཡི་གེ་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་བསླབས་ཤིང་། མེ་ཁྱི་ལོར་གྲུ་གུ་བསོད་སྙིང་སྤྲུལ་སྐུ་ལས་གདམས་ངག་མཛོད་དང་ཕྱག་ཆེན་རྒྱ་གཞུང་གི་དབང་ལུང་གསན། ས་བྱི1948ལོར་འཛི་སྒར་ཀོང་སྤྲུལ་ལས་བཀའ་རྒྱུད་སྔགས་མཛོད་དང་མ་མགོན་འཁོར་ལྔའི་དབང་ལུང་ཞུས། ས་གླང་ལོར་གྲུབ་ཆེན་ཀརྨ་ནོར་བུའི་མདུན་ནས་རྒྱལ་བའི་བཀའ་འགྱུར་དང་ཀོང་སྤྲུལ་བཀའ་འབུམ། མི་ཕམ་བཀའ་འབུམ། རིན་ཆེན་གཏེར་མཛོད་སོགས་ཀྱི་ལུང་རྒྱུན་མནོས། ཆུ་སྦྲུལ་ལོར་དྲུང་ཆོས་ཀྱི་རྒྱ་མཚོ་ལས་ཟུར་མང་སྙན་རྒྱུད་དང་རིན་ཆེན་གཏེར་མཛོད་ཀྱི་དབང་ཐོབ། དཔལ་སྤུངས་ནས་ཀརྨ་པ་ལས་དགེ་ཚུལ་གྱི་སྡོམ་པ། བྱང་ཆུབ་སེམས་སྡོམ། མགོན་པོའི་སྲོག་གཏད་རྣམས་ཞུས། དེ་ནས་ཞེ་ཆེན་དགོན་པར་ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་མཇལ། བླ་མ་དེ་ལས་ཀྱང་བཀའ་རྒྱུད་སྔགས་མཛོད། ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི། ཞེ་ཆེན་རྒྱལ་ཚབ་ཀྱི་བཀའ་འབུམ་སོགས་ཀྱི་དབང་ལུང་དང་། ཕྱག་ཆེན་ངེས་དོན་རྒྱ་མཚོའི་ཁྲིད་ཞུས་ཤིང་རྟོགས་པ་ཕུལ་བས་བླ་མ་ཡང་ཐུགས་མཉེས། ཞེ་ཆེན་མཁན་པོ་གང་ཤར་ལས་མི་ཕམ་མཁན་འཇུག་དང་ངེས་ཤེས་སྒྲོན་མེ། སྤྱོད་འཇུག་དང་རྒྱུད་བླ་མའི་ཞིབ་ཁྲིད་གསན། དིལ་མགོ་མཁྱེན་བརྩེ་ལས་ཉིད་ཀྱི་གཏེར་ཁ་ཚེ་སྒྲུབ་སྐོར་དང་། སི་ཏུ་པདྨ་དོན་ཡོད་ལས་གདམས་ངག་མཛོད་ཀྱི་དབང་སོགས་རྒྱ་ཆེ་བའི་གསན་བསམ་ཚུལ་བཞིན་དུ་མཛད་དོ།།

                       ༣

དེ་ནས་བོད་ས་མོ་ཕག་གི་ལོ་ཕྱི་ལོ1959ལོར་བོད་ཀྱི་བསྟན་སྲིད་ལ་འཕོ་འགྱུར་དང་ཉམ་ཉེས་ཕོག་སྟེ་བླ་སྤྲུལ་མི་དཔོན་དང་། མི་སེར་དཀྱུས་མ་ཡན་ཆད་ཡུལ་གྱར་ལུང་འཐོར་དུ་གྱུར་སྐབས་ཨ་དཀོན་སྤྲུལ་སྐུ་དང་ཟུར་མང་དྲུང་པ་སོགས་དཔོན་གཡོག་སུམ་བརྒྱ་ཙམ་དང་བཅས་ལྷོ་མོན་བརྒྱུད་དེ་རྒྱ་གར་ཕྱོགས་སུ་བྲོས་ཀྱང་ལམ་རོགས་མང་ཆེ་བ་རྐྱེན་ལམ་དུ་ཤོར་བས། འཕགས་ཡུལ་དུ་མི་བཅུ་གསུམ་ཙམ་བསླེབས། དེ་ནས་རིས་མེད་གྲུབ་མཐའ་སྤྱིའི་སྤྲུལ་སྐུའི་སློབ་གྲྭ་ཟེར་བ་ཞིག་གི་གཙོ་བོའི་འགན་ཁུར་བཞེས་ཏེ་རྒྱ་གར་ནས་ལོ་གསུམ་ཙམ་བཞུགས།

0907_3.jpg

པར་འདི1963 ལོར་རྒྱ་གར་ནས་བླངས། གཡས་དྲུང་པ་རིན་པོ་ཆེ། དབུས་ཨ་དཀོན་རིན་པོ་ཆེ། གཡོན། འཇམ་དཔལ་ཀུན་བཟང་རིན་པོ་ཆེ་ཞེས་འཁོད་ཡོད།

1963ལོར་དྲུང་པ་དང་མཉམ་དུ་ནུབ་ཕྱོགས་དབྱིན་ཇིའི་ལུང་པར་ཕེབས། རྒྱལ་ཁབ་དེ་ནས་སྔགས་འཆང་ངམ་དགེ་བསྙེན་གྱི་ཚུལ་གྱིས། སྨན་ཁང་ནང་དུ་ལས་ཀ་དཀྱུས་མ་དག་ལས་བཞིན་ལོ་གསུམ་ཙམ་འདས། 1967ལོར་ཟུར་མང་དྲུང་པ་དང་མཉམ་དུ་ནུབ་ཕྱོགས་བོད་ཀྱི་དགོན་པ་ཐོག་མ་དེ་བཏབ་ཅིང་མིང་ལ་བཀའ་བརྒྱུད་བསམ་ཡས་གླིང་ཞེས་བཏགས།  

0907_1.jpg
དབྱིན་ཡུལ་དུ་ཡོད་པའི་བསམ་ཡས་གླིང་གི་འདྲ་པར།

1970ལོར་དྲུང་པ་ཨ་མེ་རི་ཀར་ཕེབས་ཤིང་། བསམ་ཡས་གླིང་གི་བསྟན་བདག་དུ་ཨ་དཀོན་སྤྲུལ་སྐུ་བཞུགས། དེའི་རྗེས་སུ་ཁོང་རྣམ་གཉིས་ཐུགས་སྣང་མཐུན་མིན་སོགས་ཀྱི་ཐད་གླེང་བརྗོད་མི་འདྲ་བ་འགའ་ཞིག་བྱུང་ཡང་། རྒྱལ་བསྟན་གྱི་ཁུར་བཞེས་སྟངས་མི་འདྲ་བའི་དབང་གིས་དགོངས་ཕྱོགས་མི་མཐུན་པ་ཅུང་ཟད་ཅིག་ནི་བྱུང་ཡོད་པར་ངེས། ཆོས་རྒྱམ་དྲུང་པས་ནི་བསྟན་པ་མ་དར་བའི་གནས་སུ་ཆོས་སྤེལ་བར་འདོད་ཅིང་སྤྱོད་པ་ཐོལ་བྱུང་མཛད་ལ། ཨ་དཀོན་རིན་པོ་ཆེས་ནི་དམ་ཆོས་དར་ཡང་ཉམ་པའི་ཕྱོགས་སུ་གསོ་བར་འདོད་ལ་བཏུལ་ཞུགས་ཀྱི་སྤྱོད་པར་མོས་པ་བྱས་མེད་པ་ལྟ་བུའི་སྣང་ཚུལ་འདུག །མདོར་ན་དམ་པ་འདི་གཉིས་ཀྱི་ཐུགས་བསྐྱེད་དང་མཛད་བཟང་ལ་བརྟེན་ནས་ནུབ་ཕྱོགས་སུ་བོད་ཀྱི་ནང་བསྟན་དར་བའི་སྒོ་ཆེན་ཕྱེས་ཤིང་། རིས་མེད་གྲུབ་མཐའ་ཁག་གི་བླ་ཆེན་རྣམས་ཀྱང་ནུབ་ཡུལ་དུ་ཅི་བདེར་ཕེབས་ཐུབ་པའི་ཟམ་ཆེན་ཡང་བཙུགས་ཡོད།

1974ལོར་བསམ་ཡས་གླིང་དུ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་མ་ཎི་དུང་འཁོར་སོགས་གསར་བཞེངས་མཛད་ཅིང་། ཁྱད་པར་དུ་སྤྱོད་འཇུག །རྒྱུད་བླ། ཐར་རྒྱན། ཏཻ་ལོ་ན་རོའི་རྣམ་ཐར། མི་ཕམ་མཁན་འཇུག་སོགས་སློབ་སྦྱོང་གི་འཛིན་གྲྭ་གསར་འཛུག་གནང་། ལོ་འདིར་ཀརྨ་པ་བཅུ་དྲུག་པས་ཨ་དཀོན་རིན་པོ་ཆེར་ཆོས་རྗེ་བླ་མ་ཞེས་པའི་མཚན་གནས་ཡང་གནང་། ད་དུང་དཔལ་སྤུངས་སྒྲུབ་ཁང་གི་བཅའ་ཡིག་དང་མཐུན་པར་སྒྲུབ་ཁང་གསར་འཛུག་གནང་སྟེ་སྒྲུབ་ཐེངས་རེ་རེར་ཡང་རྒྱལ་ཁབ་ཉེར་གཉིས་ཙམ་གྱི་མི་འདུས་ཡོད། ད་དུང་བུད་མེད་ཀྱི་སྒྲུབ་ཁང་། གྲྭ་པའི་སྒྲུབ་ཁང་། མ་ཎི་དུང་སྒྲུབ། སྔོན་འགྲོའི་ཆོས་ཚོགས་སོགས་ཀྱང་བཙུགས། དེར་འདུས་ཀྱི་སློབ་མ་རྣམས་ལ་རྒྱལ་དབང་བཅུ་བཞི་པ་དང་། ཀརྨ་པ། དིལ་མགོ་མཁྱེན་བརྩེ། ས་སྐྱ་གོང་མ། སི་ཏུ་སོགས་བླ་ཆེན་ཁག་གདན་དྲངས་ནས་དད་ལྡན་རྣམས་ཀྱི་རེ་བ་ཚུལ་བཞིན་དུ་བསྐངས། གོང་གི་སྒྲུབ་ཁང་དེ་དག་ཡོད་སའི་དམ་པ་གླིང་ཟེར་བའི་གླིང་ཕྲན་ཉམས་དགའ་དེ་ཉོས་ནས། ཆོས་རྒྱུད་རིས་མེད་ཀྱི་ཚོགས་ཁང་བསྐྲུན་ཅིང་རྒྱལ་ཁབ་སོ་སོར་བཞུགས་པའི་ནང་པའི་ཆོས་པ་བསྡུས་ཏེ། ལོ་ལྔ་རེའི་མཚམས་སུ་ནང་ཆོས་ཀྱི་ཟབ་གནད་དང་འཛིན་སྐྱོང་གི་བགྲོ་གླེང་ཚོགས་འདུ་འཚོགས།

                      ༤

1980ལོའི་ཟླ་བ3པའི་ཚེས27ཉིན་སྐྱེ་རྒུ་ཡོངས་ཀྱི་རེ་བའི་གསོས་ཞེས་པའི་སྐྱོབ་གསོ་ཚོགས་པ་ཞིག་བཙུགས་ཏེ་ཕྱིས་སུ་འཛམ་གླིང་རོགས་པ་ཚོགས་པར་མིང་བསྒྱུར། དེ་ཡང་འཛམ་གླིང་རོགས་ཚོགས་ཀྱི་ལས་ཁུངས་ལྟེ་བ་དེ་ཡོ་རོབ་ཀྱི་སི་ཝེས་ཙེར་རྒྱལ་ཁབ་ཏུ་བཙུགས་པ་དང་། དེ་ནས་ཨེར་ལན། བྷེལ་ཇམ། ཨུ་རུ་སུ། ལྷོ་ཨ་ཧྥི་རི་ཁ། ཨ་མེ་རི་ཁ། ཧོ་ལན། ཕོ་ལན། འཇར་མན། ཨོ་སི་ཐྲི་ཡ། སི་ཕེན། ཁེ་ན་ཏ། ཧྥ་རན་སི། ཨི་ཐ་ལི། ཝ་སི(ཝ་ཐི་ཁན་ཡིན་ནམ)སོགས་སྔར་བོད་བརྒྱུད་ནང་བསྟན་དར་མ་མྱོང་བའི་རྒྱལ་ཁབ་མང་པོར་ཕེབས་ཏེ་ནང་བསྟན་གྱི་ཆོས་ཚོགས་བཞི་བཅུ། སྐྱོབ་གསོ་ཚོགས་པ་ཉེར་དགུ། སེམས་གསོ་ཚོགས་པ་བཅོ་ལྔ་བཅས་གསར་འཛུགས་གནང་ནས། སྐབས་རེ་ནང་ཆོས་སྤེལ་བ་དང་། རེས་འགའ་སྐྱོབ་གསོ་བྱེད་པ། ཡང་ན་འཕྲོད་བསྟེན་བྱེད་ཐབས། ཡང་ན་སློབ་གསོ་གཏོང་བ་བཅས་ཀྱི་སྒོ་ནས་གཞན་ཕན་འབའ་ཞིག་ལ་གཞོལ་བས། ལོ་ངོ་འདི་དག་གི་རིང་ལ་སྙན་གྲགས། འཁོར་སློབ། རྒྱུ་ནོར་སོགས་ཀྱི་འདུ་བ་ནི་རང་བཞིན་གྱིས་དབྱར་མཚོ་བཞིན་དུ་རྒྱས་ནས་འདུག

1993ལོར་ཏྭ་ར་ཚོགས་པ་གསར་འཛུགས་གནང་སྟེ་བོད་ཀྱི་སྔོ་སྨན་འགའ་ཞིག་རྒྱལ་སྤྱིའི་སྨན་གྲལ་དུ་ཚུད་ཐབས་བྱས་ཤིང་། ཟུར་དུ་ཡང་སྐྱོབ་གསོ། སློབ་སྟོན། འཕྲོད་བསྟེན། ནང་ཆོས་སྤེལ་བ་བཅད་མཛད། ཁྱད་པར་དུ་ནུབ་ཕྱོགས་སུ་འདོད་རྔམ། འགྲན་རྩོད། ཆགས་སྡང་དྲག་པོ་སོགས་ལས་བྱུང་བའི་སེམས་ཁམས་ནད་པ་སྨན་ཁང་གིས་བཅོས་མ་ཐུབ་པ་དག་ལ་གཟིགས་ཏེ། སྨྱོན་པའི་འཛིན་གྲྭ་བཙུགས་ནས་སེམས་ཁམས་སློབ་གསོ་ལོ་བདུན་ལ་ཉན་དགོས་པའི་གཏན་འབེབ་བྱས་པས་ཕལ་མོ་ཆེ་ནད་ལས་ཐར། ཐབས་དེ་ལ་བརྟེན་ནས་མུ་མཐུད་དེ་ཁྲིད་བཏབ་པས། སློབ་མ་སྟོང་ཕྲག་ཙམ་སྨྱོ་ནད་ལས་གྲོལ། ཚུལ་འདི་ལ་ནུབ་ཀྱི་སྨན་རམ་པ་མང་པོས་གྲུབ་འབྲས་ཧ་ཅང་བཟང་བའི་ཁས་ལེན་བྱས་ཤིང་བསྔགས་པ་ཡང་བརྗོད།

                       ༥

   1999ལོ་ཀྲུང་གོར་ལོག་ཆོག་པའི་ཆོག་མཆམ་ཐོབ་ཅིང་། ཨ་དཀོན་གྱིས་རིང་ནས་ཡིད་ལ་སྒོམ་པའི་བོད་ཕན་རྒྱ་ཆེར་སྒྲུབ་པའི་དུས་སུ་བབས་པར་གྱུར། མ་གཞི་སྤྱི་ལོ་1990ལོ་ནས་བོད་ཡུལ་དུ་རོགས་སྐྱོར་གྱི་དབུ་བརྩམས་ཡོད་ཅིང་། དེ་ནས་བཟུང་སྟེ་སྐུ་མ་འདས་ཀྱི་བར་དུ་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིག་གནས་སྡོད་ལྗོངས་དང་ས་ཁུལ་སོ་སོར་བཤད་གྲྭ29 སློབ་གྲྭ57 སྨན་ཁང18 རྒན་གསོ་ཁང3 དྭ་ཕྲུག་སློབ་གྲྭ5བཅས་གསར་འཛུག་གནང་ཞིང་། དེ་དག་ལས་སློབ་མ 9118 ཙམ་ཞིག་གསོ་སྐྱོང་གནང་ཡོད་པ་དང་། སྡེ་དགེ་པར་ཁང་ཆེན་མོར་དུས་མཁྱེན་བཀའ་འབུམ་དང་ཕག་གྲུ་བཀའ་འབུམ་སོགས་པར་ཤིང10200 གསར་དུ་བརྐོས། དཔལ་དགེའི་རྡོ་འབུམ་ནང་དུ་བཀའ་འགྱུར་ཆ་ཚང་རྡོ་རྐོས་བྱས། གཞན་ཡང་དཔེ་རྙིང་ཉམ་གསོ་ཚོགས་པ་དང་། བཀའ་བརྒྱུད་དཔེ་རྙིང་མྱུར་སྐྱོབ་རིག་ཚོགས། བཀའ་བརྒྱུད་རིགས་གཞུང་ཕྱོགས་སྒྲིག་སོགས་ཀྱི་འགྲོ་གྲོན་བཏང་། བོད་ཀྱི་གསོ་རིག་ཉམས་ཞིབ་ཕོག་དངུལ་དང་སློབ་ཆེན་སློབ་ཡོན་གནང་བ་སོགས་ནི་ཧ་ཅང་མང་བས་བགྲང་མ་ནུས། ཁྱོན་བོད་དུ་རོགས་དངུལ་གནང་བ་བསྡོམས་རྩིས་བྱས་ན་ཧ་ལམ་དམངས་སྒོར 205,095,526 ཟིན་ཡོད་འདུག

འཛམ་གླིང་རོགས་པ་ཚོགས་པའི་ངོས་ནས་རོགས་སྐྱོར་བྱེད་ས་ནི་བོད་དང་། འབྲུག་པ། བལ་ཡུལ། ཨ་ཧྥེ་རི་ཀ །རྒྱ་གར་སོགས་ས་གནས་གང་སར་ཡོད་ཅིང་། གཙོ་བོ་དྭ་ཕྲུག །ནད་པ། རྒན་གོག །སློབ་གྲྭ། བཤད་གྲྭ། ཆོས་ཚོགས་སོག་ཡིན་པ་རེད།

0907_2.jpg

པར་འདི་ནི 2005 .4.2 ཉིན་དགུང་ལོ 65 འཁྲུངས་སྐར་རྟེན་འབྲེལ་སྐབས་སུ་བསམ་ཡས་གླིང་ནས་བསྐྱོན་པ་ཞིག་ཡིན།

2006ལོར་དབྱིན་ཡུལ་ནས་སྐབས་དེའི་ཀྲུང་གོའི་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་ཁོངས་མི་དང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཆིན་ལིན་དང་མཇལ་འཕྲད་མཛའ་འབྲེལ་བྱས་ཤིང2011ལོའི་ཟླ8པའི་ནང་དུ་ལྷ་སར་བོད་ཞི་བའི་བཅིང་འགྲོལ་བཏང་ནས་ལོ་དྲུག་ཅུ་འཁོར་བའི་དགའ་སྟོན་གྱི་ཚོགས་འདུའི་སྟེང་དུ་གལ་ཆེའི་སྐུ་མགྲོན་གྱི་ཚུལ་དུ་གདན་ཞུ་བྱས་པ་ལྟར་དེར་ཞུགས།

                         ༦

    སྤྱི་ལོ2013ལོའི་ཟླ་བ10པའི་ཚེས8ཉིན་དངུལ་སྒོར་གྱི་དོན་རྐྱེན་ཞིག་རེད་ཟེར་ཏེ་གྲོང་ཁྱེར་ཁྲིན་ཏུ་རུ་ཐུབ་བསྟན་ཀུན་གསལ་ཟེར་བའི་བོད་མི་ཞིག་གིས་སྐུ་བཀྲོངས། གཞུང་གི་གསར་ལམ་ནང་དུ་བོད་རིགས་སྐྱེས་པ་གསུམ་གྱིས་བོད་རིགས་མི་གསུམ་དམར་གསོད་བྱས་པ་ཞེས་པའི་གསར་འགྱུར་མངོན་པར་བསྒྲགསཤིང་། ལྟག་རྒྱབ་ཀྱི་གནད་དོན་ངོ་མ་ནི་ད་དུང་གསལ་པོར་ཤེས་མེད། ཚེས་པ11ཉིན་སྐུ་གདུང་ཚ་བ་སྒྲོལ་མ་ལྷ་ཁང་དུ་གདན་དྲངས། དེ་ནས་ད་ལྟའི་བར་དུ་བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་མང་རྣམས་ཀྱིས་གདུང་བ་ཆེན་པོས་ཁོང་ལ་རྗེས་དྲན་ཞུས།

                                                                                        2018.9.7

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།