《སྙན་ངག་ལ་སྦྱར་བའི་སྒྲུང་རྩོམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན》ལ་ཅུང་ཙམ་དཔྱད་པ།

  གཅིག མི་སྣའི་གཟུགས་བརྙན་བཞེངས་སྐྲུན་གྱི་སྐོར། ང་ཚོ་ཚང་མས་ཤེས་གསལ་ལྟར་བརྩམས་སྒྲུང་ཞིག་ཡིན་ཚེ་མི་སྣ་དང་ཁོར་ཡུག བྱུང་རིམ་གསུམ་ནི་ཅི་ནས་ཀྱང་ཚང་དགོས་པའི་ཆ་རྐྱེན་ཞིག་ཡིན། ཡིན་ནའང་བརྩམས་སྒྲུང་ནང་གི་མི་སྣ་ནི་ལྷུག་རྩོམ་ལྟར་ཡོད་པ་ཙམ་གྱིས་མི་ཆོག་པར་ངེས་པར་ཐབས་ལམ་དུ་མ་བརྒྱུད་ནས་སྣང་བརྙན་གསར་བཞེངས་བྱ་དགོས་པ་ཞིག་ཡིན།སྣང་བརྙན་གསར་བཞེངས་བྱེད་པ་འདི་རྩོམ་ལུས་གཞན་དག་དང་བསྡུར་ན་ཁྱད་པར་འབྱེད་ཆོས་གཙོ་བོ་ཞིག་ཀྱང་ཡིན། དེ་ལ“སྤྱིར་རྩོམ་རིག་བསྟན་བཅོས་ཡོངས་ཀྱིས་མི་སྣའི་སྣང་བརྙན་གྱི་བཞེངས་བསྐྲུན་ལྟེ་བར་འཛིན་ལ་ནང་སྒོས་སུ་སྒྲུང་རྩོམ་གྱིས་དེ་བས་ཀྱང་ལྟེ་བའམ་སྙིང་བོར་འཛིན”ཞེས་པ་ལས་ཀྱང་བརྩམས་སྒྲུང་ནང་གི་མི་སྣའི་སྣང་བརྙན་གཙོ་བོར་འཛིན་རྒྱུ་དེ་གནད་ཀྱི་དོན་པོ་ཡིན་པ་གསལ་བསྒྲགས་བྱས་ཡོད། འདིར་དཔྱད་བྱའི་རྩོམ་ཡིག་འདི་ལས་དཔེ་ཞིག་དྲངས་ན། རྩོམ་འདིའི་ནང་གི་བུ་མོ་ཟླ་བ་སྒྲོལ་མའི་མཛེས་སྡུག་གི་སྣང་བརྙན་འདི་ལྟར་ཞིབ་འབྲི་བྱས་ཡོད་དེ།“དེ་ནས་བཟུང་སྟེ་ལང་ཚོ་ཡི།།དབྱངས་ཅན་ངང་བའི་བུ་མོ་འདི།།རིག་བྱེད་གདོང་གི་པད་ཚལ་དུ།།མངོན་པར་དཀར་པའི་སྐལ་བ་བྱུང་།། ”ཞེས་དང་།ཡང་། “གང་གི་སྐྱེས་གཟུགས་པད་སྡོང་རྩེར།། ནུ་མའི་གང་བུ་མ་རྒྱས་ཀྱང་།།མཛེས་སྡུག་ལོ་འདབ་གཡོ་བ་ཡིས།།སྲེད་ལྡན་ཡིད་ལ་མྱ་ངན་བྱིན།།”ཞེས་སྒྲུང་གཏམ་འདིའི་ནང་གི་མི་སྣ་གཙོ་བོ་སྟེ་བུ་མོ་ཟླ་བ་སྒྲོལ་མའི་གདོང་ནི་དབྱངས་ཅན་མའི་ཞལ་བཞིན་དཀར་པོའི་མདངས་འཛིན་པ་ན་མཛེས་ཤིང་ལྟ་ན་སྡུག་པའི་རྣམ་པ་དང་ལུས་ཀྱི་སྐྱེས་གཟུགས་ནི་མེ་ཏོག་པད་མའི་སྡོང་པོ་ལྟར་སྐྱེ་བོ་ཀུན་གྱི་མིག་ལ་དཔལ་སྟེར་བས་ལྷ་མོ་ལྟ་བུའི་མཛེས་སྡུག་གི་སྣང་བརྙན་གསར་བཞེང་བྱས་ཡོད།གཞན་ཡང་ཤིན་ཏུ་མི་སྡུག་པའི་སྣང་བརྙན་ཞིག་དཔེར་བཀོད་ན། “ཟླ་བ་སྒྲོལ་མའི་ཡབ་ཆེན་གྱི།།ཉམ་ཐག་ལུ་གུ་འཛིན་ཕྱིར་འོང་།།ལྷ་རམས་དགེ་བའི་བཤེས་གཉེན་མཆོག །བསོད་ནམས་བགོ་སྐལ་འདི་ཡིན་ཞེས།།……འདི་ནི་ཐར་ལམ་བགྲོད་པ་ཡི།། གཙུག་གི་རྨུ་ཐག་ཡིན་ནོ་ཞེས།།ཐ་གུའི་སྣེ་མོ་ཉག་ཕྲ་བ།།ཟླ་བ་སྒྲོལ་མའི་ལག་ཏུ་གཏད།།”ཅེས་རིག་གསར་གྱི་དུས་སུ་རང་གི་དྲིན་ཅན་ཕ་མ་དང་ཡོན་ཏན་ཅན་རྣམས་ལ་འཐབ་རྩོད་བྱེད་པའི་ཡ་ང་བའི་སྐྱོ་གདུང་གི་སྣང་བརྙན་མང་པོ་ཞིག་ཀུན་གྱི་སྤྱན་ལམ་དུ་རི་མོ་ཇི་བཞིན་བསྟར་བ་ནི་བརྩམས་སྒྲུང་འདིའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་བརྩམས་སྒྲུང་འདིའི་རིན་ཐང་བླ་ལྷག་གིས་འབུར་དུ་ཐོན་པར་ཡང་ནུས་པ་ཆེན་པོ་ཐོན་ཡོད།
    གཉིས། ཁོར་ཡུག་བཀོད་འབྲིའི་སྐོར། ཁོར་ཡུག་ནི་མི་སྣ་འཚར་ལོངས་འབྱུང་སའི་རང་བྱུང་གི་གནས་དང་དུས་སྐབས་དང་སྤྱི་ཚོགས་ཀྱི་རྐྱེན་སྣ་ཚོགས་ཀྱིས་བསྐྲུན་པའི་འཚོ་གནས་ཀྱི་ཡུལ་གྲུ་བྱེ་བྲག་པའི་གནས་ཀྱི་བཀོད་པ་སྟེ་གྲལ་རིམ་གྱི་འབྱུང་ཁུངས་དང་སྤྱི་ཚོགས་ཀྱི་གོ་གནས། སྦྱངས་སྟོབས་ཀྱི་ཡོན་ཏན། འདུ་ཤེས་དང་དད་མོས་བཅས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་དོན་ཡོངས་སོ་ཞེས་པ་ལྟར་བརྩམས་སྒྲུང་ནང་གི་ཁོར་ཡུག་ནི་མི་སྣ་གཙོ་ཕལ་ཚང་མ་འགུལ་སྐྱོད་བྱེད་ས་གཙོ་བོ་ཞིག་ཡིན།གལ་སྲིད་ཁོར་ཡུག་མེད་ན་མི་སྣའི་བྱ་སྤྱོད་དང་སྣང་བརྙན་ཡང་འབྱུང་མི་སྲིད་ལ་བྱུང་རིམ་བཀོད་སྒྲིག་གི་ཐད་ལ་ཡང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད། དེ་ལ་ཁོར་ཡུག་གི་དཔེ་ཞིག་བཀོད་ན།“སུམ་རྩེན་སྐྱེད་ཚལ་ཁེངས་པའི་གཞུ།། འགུག་བྱེད་བྲག་དཀར་ཁྲ་སྡེ་ཞེས།། རྐྱེན་པོའི་ལག་པ་རྡོ་རྗེ་ཡི།། སྤུན་དུ་གྱུར་པའི་གྲོང་ཚོ་ནི།།……ངང་ངུར་དགའ་བདེའི་ཁྱོ་ཤུག་ཚོགས།། སྙན་པའི་རྫ་རྔ་བརྡུངས་པ་ནི།།རྒྱུད་མང་ཕག་མཚན་ཐོགས་པ་ཡི།།དབྱངས་ཅན་ངག་ལ་ཅོ་ཡང་འདྲི།།”ཞེས་མཛེས་མ་ཟླ་བ་སྒྲོལ་མའི་འཚོ་གནས་ཀྱི་ཁོར་ཡུག་གསོན་ཉམས་དོད་པའི་ངང་ནས་ཞིབ་འབྲི་འདི་ལྟར་བྱས་ཡོད་དེ།ཐོག་མར་བྲག་དཀར་ཁྲ་སྡེ་ཞེས་པའི་གྲོང་ཚོ་འདིའི་མཐའ་འཁོར་དུ་སྤྲིན་དཀར་གྱི་རྒྱུ་བ་འགོག་ཅིང་རྩེ་མོ་གངས་དཀར་གྱིས་བརྒྱན་པའི་རི་ཚོགས་ཀྱི་ཕྲེང་བས་ཟམ་མ་ཆད་པར་བསྐོར་བ་ན་དངུལ་དཀར་གྱི་འཇིག་རྟེན་ཞིག་གི་ལྡོག་གཟུགས་གནས་འདིར་འཕྲོས་པ་དང་འདྲ་ལ་རི་སྐེད་དུ་ནགས་ཚལ་གྱི་ལྗོན་པའི་ཚོགས་ཀྱིས་ཀུན་ནས་ཁྱབ་པས་མུ་མཐའ་མེད་པའི་རྒྱ་མཚོ་ཞིག་དང་གཉིས་སུ་མ་མཆིས། རིའི་གཤམ་དུ་ཕ་མཐའ་ཡས་པའི་གཡུ་མདོག་གི་སྤང་ལྗོངས་ཡོད་པ་དང་དེའི་སྟེང་དུ་མེ་ཏོག་སྣ་ཚོགས་ཁྲ་ལྷམ་མེར་བཞད་དེ་མཐོང་བ་ཙམ་གྱིས་སེམས་ལྡན་ཀུན་གྱི་མིག་གི་དབང་པོ་ཅིག་ཅར་དུ་འཕྲོག་པར་བྱེད་ཅིང་བར་མཚམས་ཁ་ཤས་སུ་རྫས་ཀྱི་འགྱུར་བའི་སླད་ཀྱིས་མ་གོས་པའི་དྭངས་གཙང་གི་མཚོ་དང་མཚེའུ་ངོགས་སུ་དགུང་སྔོན་གྱི་སྐར་ཚོགས་འཆར་བས་སྲིད་པའི་ཁམས་འདི་ན་མཛེས་སྡུག་གི་སྙན་པ་ཕྱོགས་བཅུར་ཁྱབ་པའི་ཟ་འོག་གི་རི་མོའི་མཛེས་པའང་ཉམས་པར་བྱེད་དུ་འཇུག དེ་ལ་འཁོར་བའི་ངང་ངུར་ཚོགས་ཀྱིས་ཁྱོ་ཤུག་གི་དགའ་བདེའི་ཚོར་བ་སྙན་པར་སྒྲོག་པ་ན་ཉན་མཁན་ཇི་སྙེད་ཀྱི་རྣ་དབང་གི་བཅུད་དུ་སྨིན་པར་བྱེད་པ་སོགས་བརྩམས་སྒྲུང་འདིའི་ནང་གི་མི་སྣ་འགུལ་སྐྱོད་བྱེད་སའི་ཁོར་ཡུག་ཞིབ་ཅིང་ཕྲ་བའི་སྒོ་ནས་བྲིས་ཡོད །
    གསུམ། བྱུང་རིམ་བཀོད་སྒྲིག བྱུང་རིམ་བཀོད་སྒྲིག་ནི་འཚོ་བ་དངོས་ཀྱི་ཆོས་ཉིད་དང་མཐུན་དགོས་ཞེས་དང་སྤྱིར་སྒྲུང་རྩོམ་དུ་བྱུང་རིམ་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང་འཕོ་འགྱུར་གྱི་སྣང་ཚུལ་སྣ་ཚོགས་པར་སྤེལ་བས་གཏམ་རྒྱུད་ཀྱི་བྱུང་རིམ་ངོ་མཚར་ཞིང་གསོན་ཉམས་ལྡན་པ་བཀོད་དགོས།ཞེས་གསུངས་པ་བཞིན་བརྩམས་སྒྲུང་འདིའི་ནང་དུ་བྱུང་རིམ་བཀོད་སྒྲིག་ཕུན་སུམ་ཚོགས་པ་དང་འཕོ་འགྱུར་གྱི་སྣང་ཚུལ་མང་པོ་ཞིག་ཡོད་པས་འཚོ་བ་དངོས་ཀྱི་ཆོས་ཉིད་དང་མཐུན་པ་ཞིག་ཡིན། དཔེར་ན། ལེའུ་དང་པོར་གཞུང་དྲང་གི་བུ་མོ་ཟླ་བ་སྒྲོལ་མ་བཀོད་པ་དེ་ནི་བརྩམས་སྒྲུང་འདིའི་ཁུངས་སྣེ་གལ་ཆེན་ཞིག་ཏུ་གྱུར། ཁུངས་སྣེ་འདི་དང་འབྲེལ་ནས་དེ་དང་འབྲེལ་ཡོད་ཀྱི་བྱུང་རིམ་མང་པོ་ཞིག་བསྟུད་མར་བྱུང་ཡོད་པ་ནི་རླུང་རྟ་དམར་པོ་འཚུབ་དུས་དང་ལན་ཆགས་ཀྱི་ས་བོན་བཏབ་པ། སྦྱོར་ངན་ལག་ཏུ་བསྟར་བ། སེམས་ཀྱི་རྨ་ཁ།སྦྱངས་སྟོབས་ཀྱི་ཡོན་ཏན་རྒྱས་པ་སོགས་ཡིན། ཕུན་སུམ་ཚོགས་པའི་བྱུང་རིམ་གྱི་བཀོད་སྒྲིག་འདི་དག་ལས་སྐབས་དེའི་རིག་གསར་གྱི་རླུང་རླབས་ནང་གི་གསར་བརྗེའི་མི་སྣ་དེ་དག་གི་རང་གཤིས་དང་བྱ་སྤྱོད་འབུར་དུ་ཐོན་པར་ནུས་པ་གལ་ཆེན་ཐོན་ཡོད། གལ་སྲིད་བརྩམས་སྒྲུང་འདིའི་ནང་གི་བྱུང་རིམ་འདི་འདྲའི་ཕུན་སུམ་ཚོགས་པ་དང་གྱ་གྱུའི་རང་བཞིན་མི་ལྡན་ཚེ་མི་སྣའི་གཤིས་ཀའི་འཕེལ་འགྱུར་དང་སྤྱོད་ལམ་བཅས་ཀྱི་ཐད་གཞུང་ལུགས་ཀྱིས་བཏོན་པའི་རེ་འདུན་ལྟར་ནུས་པ་ཆེན་པོ་དེ་འདྲ་ཐོན་མི་སྲིད་ལ་འཚོ་བ་དངོས་ཀྱི་ཆོས་ཉིད་དང་ཡང་མི་མཐུན་ནོ།། བྱུང་རིམ་བཀོད་སྒྲིག་ལེགས་པོ་ཞིག་བྱ་རྒྱུ་ནི་བརྩམས་སྒྲུང་གི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པས་མི་ཞིག་གི་ངོས་ནས་བཤད་ན་ཚེ་སྲོག་ལྟ་བུ་རེད།དེ་བས།བྱུང་རིམ་བཀོད་སྒྲིག་ལེགས་པོ་ཞིག་བྱ་རྒྱུ་ནི་བརྩམས་སྒྲུང་གསར་རྩོམ་བྱེད་མཁན་རྣམས་ཀྱིས་ནམ་ཡིན་ཡང་ངེས་པར་དོ་སྣང་བྱ་དགོས་པ་ཞིག་ཡིན།
    བཞི། སྐྱོན་ཡོན་གྱི་སྐོར།བརྩམས་ཆོས་འདིའི་ཡོན་ཏན་གྱི་ཆ་སྨྲ་བ་ལ་རྩོམ་གྱི་ལུས་ནི<<སྙན་ངག་མེ་ལོང་མའི>>གཞུང་ལུགས་ལྟར་ཚིགས་བཅད་ཀྱི་རྣམ་པའི་ཐོག་ནས་ཚིག་བར་རིང་ཐུང་སྣ་ཚོགས་སུ་བྲིས་ཡོད་ལ་མཚོན་ཐབས་ཀྱི་ཆ་ནས་ཀྱང་སྔར་བཞིན<<སྙན་ངག་མེ་ལོང་མའི>>གཞུང་དུ་བསྟན་པའི་རྒྱན་མང་པོ་ཞིག་སྤྱད་ནས་བརྩམས་སྒྲུང་གི་གྲུབ་ཆ་གསུམ་པོ་དེ་རྩོམ་རིག་གཞུང་ལུགས་ཀྱི་དགོས་མཁོ་ལྟར་ལེགས་སྒྲུབ་བྱས་ཡོད། ནང་དོན་གྱི་ཆ་ནས་བཤད་ན་བརྩམས་སྒྲུང་གི་གྲུབ་ཆ་གསུམ་པོ་དེ་བརྒྱུད་ནས་རིག་གསར་སྐབས་ཀྱི་གནས་ཚུལ་ཇི་བཞིན་དུ་བྲིས་པ་དང་རྩོམ་པ་པོའི་དགོངས་དོན་ཡང་ངང་ངམ་ཤུགས་ཀྱིས་རྟོགས་ནུས། “རྩོམ་རིག་གསར་རྩོམ་གྱི་གཞི་རྩའི་འོས་འགན་ནི་རྩོམ་རིག་གི་སྣང་བརྙན་བསྐྲུན་རྒྱུ་དང་ལྷག་དོན་དཔེ་མཚོན་རང་བཞིན་ཅན་གྱི་རྩོམ་རིག་གི་སྣང་བརྙན་བསྐྲུན་རྒྱུ་དེ་ཡིན”ཞེས་གསུངས་པ་ལྟར་བརྩམས་ཆོས་འདིའི་ནང་དུ་མི་སྣ་གཙོ་ཕལ་གང་རུང་གི་སྣང་བརྙན་གསར་བཞེངས་བྱས་ཡོད་པར་མ་ཟད་ད་དུང་དཔེ་མཚོན་ཅན་གྱི་མི་སྣ་གསར་བརྗེ་སྐྱབས་དང་ཁོར་ཡུག་དཔེ་མཚོན་ཅན་རི་རྩེ་གངས་ཀྱིས་བརྒྱན་པ་དང་རི་སྐེད་ནགས་ཀྱིས་བཀང་བ། བར་བར་མཚོ་དང་མཚེའུས་བརྒྱན་པའི་སྟེང་དུ་ངང་ངུར་སོགས་ཆུ་བྱའི་ཚོགས་རྣམས་དགའ་བདེར་རོལ་བའི་ངང་ཚུལ་བཅས་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྣོད་བཅུད་ཀྱི་བཀོད་པ་སོགས་ཀློག་པ་པོའི་སྤྱན་ལམ་དུ་ཚོན་མདོག་གི་རི་མོ་བཞིན་དཔེ་མཚོན་ཅན་དུ་བསྒྱུར་བ་སོགས་སོ།།སྐྱོན་གྱི་ཆ་ནི་རྩོམ་པ་པོས<<སྙན་ངག་མེ་ལོང་མ>>ལ་ཐོས་བསམ་མཛད་པའི་སྐབས་སུ་སྙན་ངག་གི་བླ་མེད་རིག་པ་དང་ལེན་བགྱི་བའི་དུས་མཚུངས་སུ་བོད་རང་ན་མེད་པ་དང་བོད་མིའི་བསམ་བློ་གཏོང་སྟངས་དང་ཡང་མི་འཚམ་པའི་རྒྱ་གར་གྱི་དཔེ་ཁ་ཤས་ཤིག་དྲངས་ཡོད་པ་དེ་ཡིན།དཔེར་ན། “ལེའུ་གཉིས་པའི་རླུང་རྟ་དམར་པོ་འཚུབ་དུས་ལས།གླང་སྨྱོན་སྣ་ལ་རལ་གྲི་བཏགས་འདྲའི་དཔུང་ཚོགས་བྱེ་བའི་རྟ་དམར་ཅན།།”ཞེས་དང་ལེའུ་ལྔ་པའི་སེམས་ཀྱི་རྨ་ཁ་ལས། གླང་མོས་དོར་བའི་ལག་ལྡན་གཞོན་ནུ་མྱ་ངམ་ཐང་ལ་གོམ་འགྲོས་འཁྱོར་ཞིང་སྨིག་རྒྱུའི་ཆུ་ཡིས་བསླུས་པ་སྟེ།ཞེས་པ་འདི་ལྟ་བུ་ནི་སྐབས་དེའི་རྒྱ་གར་གྱི་མི་རྣམས་ལ་ཆ་མཚོན་ན། དྲག་པོ་དང་འཇིགས་རུང་གི་ཉམས་ཇི་བཞིན་དུ་སྟོན་ཐུབ་མོད།བོད་རང་གི་རྩོམ་རིག་བརྩམས་ཆོས་ཀྱི་ནང་དུ་དཔེ་འདི་འདྲ་དྲངས་ན་ཀློག་པ་པོ་མང་པོ་ཞིག་ལ་གོ་རྒྱུ་ཅི་ཡང་མེད་པར་འགྱུར་འགྲོ་བ་ཡིན།།

   ༼རྩོམ་པ་པོ་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི2010ལོའི་བོད་ཀྱི་རྩོམ་རིག་ཞིབ་འཇུག་འཛིན་གྲྭའི་སློབ་མ་ཡིན༽

རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སྙན་ངག་ལ་སྦྱར་བའི་སྒྲུང་རྩོམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན》ལ་ཅུང་ཙམ་དཔྱད་པ།

2013-03-02 སྒྲོལ་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།