རྩོམ་རིག་གི་དགོས་ཆོས་གཤིས་ཉམས་སྐོར་སྤྱི་རྡོག་ཙམ་གླེང་བ།

  རང་རེའི་རྩོམ་རིག་སྤྱིའི་འཕེལ་རྒྱས་ལ་ཕྱིར་བལྟས་ཤིག་སློག་ན་དུས་རབས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད། རྩོམ་རིག་ལ་རྣམ་པ་མི་འདྲ་བའི་རྩོམ་ལུས་བྱེ་བྲག་པ་མང་པོ་ཞིག་ས་ཁྱབ་རྡོ་ཁྱབ་དུ་དར་ཞིང༌། རྩོམ་པ་པོའི་རྣམ་དཔྱོད་དང་རིག་སྟོབས་ཀྱི་ཁྱད་པར་གྱིས་རྩོམ་གཤིས་དང་རྩོམ་སྟངས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་དང་འབྱུང་གིན་ཡོད། སྙན་ངག་ལྟ་བུར་མཚོན་ན་བཅད་ལྷུག་གཉིས་དང་རང་མོས་སྙན་ངག་བཅས་རྩོམ་ལུས་མི་འདྲ་བ་འགའ་ཞིག་ཡོད་ལ། རྩ་བའི་ཆ་ནས་རྒྱན་དང་མངོན་བརྗོད་སོགས་ཀྱིས་བཅིངས་པའི་ཁ་དམ་པ་དང༌། དེ་དག་གིས་མ་བཅིངས་པའི་ཁ་གསལ་བའི་རྩོམ་གཤིས་རིགས་གཉིས་སུ་འདུས་ནས་ཡོད། དེ་ནི་སྔོན་རྒྱ་གར་གྱི་སྙན་ངག་ལ་ཤར་བ་དང་ལྷོ་བའི་ལུགས་གཉིས་ཡོད་པ་དེ་རང་ཅག་གི་སྲོལ་རྒྱུན་སྙན་ངག་ཁྲོད་རྒྱུན་འབྱམས་སུ་གནས་ཏེ། ཕྱིས་འབྱུང་གངས་ཅན་གྱི་རྩོམ་རིག་ཁྲོད་དུ་ཡང་རྩོམ་གཤིས་དེ་གཉིས་ཀྱིས་གོ་གནས་རེ་བཟུང་ཡོད་པར་བཤད་མཁན་ཡང་ཡོད། སྤྱིར་སྙན་ངག་མེ་ལོང་མའི་ཚིག་གི་སྡེབ་སྦྱོར་དང་རྒྱན་བཀོལ་ཐབས་སོགས་ཀྱི་ཆ་ནས་རང་རེའི་སྲོལ་རྒྱུན་སྙན་ངག་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་ནའང༌། རྩོམ་ཐབས་དང་རྩོམ་གཤིས་ཀྱི་སྒོ་ནས་ཁ་དམ་མི་དམ་ཚུལ་ཡང་གནའ་བོའི་རྒྱ་གར་ཤར་ལྷོའི་ལུགས་ཀྱི་རྩོམ་གཤིས་དེ་ཨུ་ཚུགས་ཀྱིས་ཚུར་དྲུད་ཡོང་ནས་རང་རེའི་སྲོལ་རྒྱུན་སྙན་ངག་གི་གཤིས་ལ་སྦྱར་ཅི་ཐུབ་བྱེད་པ་ནི་འཐད་པར་མ་མཐོང་ངོ༌།། རང་ཅག་གི་སྲོལ་རྒྱུན་སྙན་ངག་ལ་མཚོན་ན་མེ་ལོང་མར་ལྟོས་མེད་ཀྱི་རྒྱན་དང་རྩོམ་པའི་གཤིས་ལུགས་ཀྱི་ཆ་མང་པོ་ཞིག་མི་རིགས་རང་གི་ངག་སྦྱོར་གྱི་རྩལ་ལ་བརྟེན་ནས་རང་ཆོས་སུ་གྲུབ་ཡོད་པར་བཤད་ཆོག
  སྤྱིར་བཏང་གི་ཆ་ནས་རྩོམ་གཤིས་དེ་གཉིས་གང་སྤྱད་ཀྱང་རྩོམ་པ་པོའི་རིག་སྟོབས་ཀྱིས་ཚིག་གི་སྡེབ་ལེགས་ཤིང་བརྗོད་དོན་ཕུན་སུམ་ཚོགས་ན་མི་འོས་པའི་འགལ་ཆ་ཅི་ཡང་མེད་མོད། འོན་ཀྱང་རྩོམ་རིག་གིས་སྤྱི་ཚོགས་ཁྲོད་ངལ་རྩོལ་མང་ཚོགས་ཀྱི་རེ་བ་སྐོང་ཐུབ་དགོས་པ་དང༌། ཁོ་ཚོའི་འདོད་བློ་དང་བསྟུན་ནས་ཞབས་འདེགས་ཞུ་དགོས་སྟབས། གཙོ་ཆེར་ཁ་གསལ་ཞིང་གོ་བདེ་བ་བརྗོད་དོན་ཕུན་སུམ་ཚོགས་པའི་རྩོམ་ཡིག་འབྲི་རྒྱུ་ནི་གལ་ཆེན་ཡིན་པར་སྙམ། འགའ་རེ་ནས་ཚིག་གི་སྡེབ་སྒྲིག་སྟངས་ཉམས་ཀྱི་རྒྱན་བཀོད་སྟངས་སོགས་ལ་ལེགས་པའི་བྱང་ཆ་མེད་ན་ཡང། རྡོ་ཆག་བཙན་སྦྱོར་ལྟ་བུའི་རྩོམ་འབྲི་བ་ནི་རང་ཉིད་ཀྱི་རྩོམ་པའི་སྐྱོན་མཚང་ཕྱི་རུ་མངོན་པ་ལས་རྩོམ་ཡིག་དེ་གྲས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ཅི་ཡང་སྐོང་མི་ནུས།
    རྩོམ་རིག་ལ་འཇགས་པའི་དམ་ལྷོད་ཀྱི་རྩོམ་གཤིས་དེ་གཉིས་མེ་ལོང་མའི་ལུགས་ཀྱི་འགྲེལ་སྟངས་ལྟར་ན། རྒྱ་གར་ལྷོ་བའི་ལུགས་བཞིན་ཚིག་དོན་གསལ་ཞིང་གོ་བདེ་བའི་རྩོམ་ནི་རྩོམ་པ་མཐའ་དག་གི་མཛེས་པའི་ཡོན་ཏན་ཞིག་ཏུ་བརྩི། དེ་ལ་སྙན་ངག་མེ་ལོང་མའི་དགོངས་པ་ཅན་གྱི་རྒྱན་ལ་ཁྱད་ཆོས་བཞི་བརྗོད་པའི་ཡ་གྱལ་དུ། ༼བརྗོད་རིམ་སྟོབས་ལས་དངོས་པོ་ནི།། ཟབ་མོ་དག་ཀྱང་གསལ་བ་སྟེ།།༽ ཞེས་བརྗོད་པར་བྱ་བའི་དངོས་པོ་མཐའ་དག་གི་ཟབ་མོའི་དོན་རྟོགས་དཀའ་བ་དག་ལ་མི་རྨོངས་པར་ཁ་གསལ་ཞིང་གོ་བདེ་བའི་རྩོམ་ནི་སྙན་ངག་མཁན་གྱི་དགོངས་པ་ཡིན་པར་བསྟན་པ་དང༌། མ་ཟད་གནའ་དེང་གི་རྩོམ་རིག་ལ་རྒྱུས་མངའ་ཆེ་བའི་ཨ་ལགས་དོར་ཞིས་ཀྱང༌། ༼ལ་ལའི་ཚིག་སྦྱོར་ཆུ་དྭངས་མོའི་ནང་གི་ཉ་མོ་མཐོང་བ་བཞིན་དུ་དོན་ཟབ་མོ་རྣམས་ཀྱང་གསལ་ཞིང་གོ་བདེ་བའི་ཚིག་གིས་སྟོན་པས་བདེ་བླག་ཏུ་རྟོགས་ཐུབ་ལ། ལ་ལའི་ཚིག་སྦྱོར་ཆུ་རྙོག་ནང་གི་རྡོ་མི་མཐོང་པ་བཞིན་དུ། རྒྱུན་དུ་བེད་སྤྱོད་མི་བྱེད་པའི་མངོན་བརྗོད་ཀྱི་མིང་དང༌། བསྡུས་ཆེ་བའི་ཚིག་སོགས་ནན་གྱིས་སྦྱར་ནས་དོན་བསྒྲིབས་ཏེ་རྟོགས་དཀའའོ།།༽ ཞེས་གསུངས་འདུག རྩོམ་མཁན་རང་ལ་རྩོམ་པའི་རྣམ་དཔྱོད་དང་ཤེས་འཇོན་མེད་པར་རྩོམ་གཤིས་ཁ་དམ་ཞིང་སྦས་པའི་ཚུལ་དུ་བྱེད་པ་ནི་ཤོག་སྨྱུག་ཆུད་ཟས་སུ་གཏོང་པ་ལས་གྲུབ་འབྲས་ཅི་ཡང་མི་མངོན། རྩོམ་གཤིས་ཚུལ་དང་ལྡན་པ་ཞིག་ལ་དོན་གྱི་བརྗོད་བྱ་ཉ་ཉོག་ཚིག་འབྲུས་ཁེངས་པ་མ་ཡིན་པར། ཚིག་སྦྱོར་སྡེབ་ལེགས་ཤིང་བརྗོད་བྱ་རྒྱ་ཆེ་བའི་རང་བཞིན་ལ་ཚིག་གི་བརྗོད་པ་ཉུང་བསྡུས་ཀྱི་ཚུལ་དུ་རྩོམ་ཡིག་གི་ཕྱོགས་ཆ་རེ་ནས་རྩོམ་པ་པོའི་བསམ་བློའི་ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་རྣམ་པ་སྣ་ཚོགས་གསལ་མཚོན་བྱེད་པའི་ཁྱད་ཆོས་དང་ལྡན་དགོས་པ་ནི་རྩོམ་ཡིག་གི་རིན་ཐང་ཡིན།
    སྤྱིར་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཁྲོད་ངལ་རྩོལ་་མང་ཚོགས་ཀྱི་འཚོ་བ་ལས་བྱུང་ཞིང༌། དུས་ཡུན་རིང་པོའི་ལོ་རྒྱུས་ནང་རྩོམ་པ་པོ་དག་གི་བློ་ཡིད་ཀྱི་འཆར་སྣང་གིས་རྟོག་བཟོ་དང་སྒྱུ་རྩལ་སྣང་བརྙན་དུ་བསྐྲུན་ཏེ་མིའི་རིགས་ཀྱི་འཚོ་བར་རོགས་འདེགས་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཡིན། དེ་བས་ན་དུས་དང་རྣམ་པ་ཀུན་ཏུ་རྩོམ་རིག་གི་གྲུབ་དོན་ངལ་རྩོལ་མང་ཚོགས་ལས་ཚུར་འཚོལ་སྒྲུབ་བསྡུ་ལེན་དང་། རྩོམ་རིག་གི་ཁ་ཕྱོགས་ངལ་རྩོལ་མང་ཚོགས་དང་བསྟུན་ཏེ་སྙུགས་དོར་བཅུད་ལེན་གྱིས་ཕར་ཁོ་ཚོ་ལ་ཞབས་འདེགས་བསྒྲུབ་ཐུབ་པ་བྱ་དགོས།
    དེ་ཡང་རྩོམ་རིག་གི་གཤིས་ལ་སྒྱུ་རྩལ་གྱི་མཛེས་ཆ་བཏོད་རྒྱུ་ཁོ་ན་གཙོ་བོར་མི་འཛིན་པར། མི་རིགས་ཀྱི་གོམས་སྲོལ་རང་བཞིན། ཚབ་མཚོན་རང་བཞིན། འཕེལ་རྒྱས་རང་བཞིན་བཅས་མི་རིགས་ཀྱི་ཁྱད་ཆོས་རྩོམ་རིག་གི་ལུས་སྲོག་ལ་ངེས་པར་དུ་ལྡན་དགོས་པ་ཡིན། མི་རིགས་ཀྱི་གོམས་སྲོལ་དེ་ལ་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་དང༌། མི་རིགས་ཀྱི་ཀུན་གཤིས་གོམས་སྲོལ། མི་རིགས་ཀྱི་སྐད་ཡིག་གོམས་སྲོལ་བཅས་གཅིག་གྱུར་གྱི་མི་རིགས་གང་དེའི་རྩོམ་རིག་གི་ངོ་བོའི་རང་བཞིན་དང་འདྲེས་ཤིང་རྩོམ་རིག་གིས་མི་རིགས་ཀྱི་འཚོ་བའི་གནས་བབ་མཚོན་དགོས།
    མ་གཞི་རྩོམ་རིག་གི་གཤིས་ཉམས་རང་བཞིན་ནི་གཙོ་བོ་སྤྱི་ཚོགས་ཀྱི་འཚོ་བའི་རམ་འདེགས་འོག་མི་རིགས་ཀྱི་སྐད་ཡིག་ལས་གྲུབ་ཅིང༌། སྐད་ཡིག་དེ་ཡང་མི་རིགས་དེའི་ཡུན་རིང་ལོ་རྒྱུས་འཕེལ་རིམ་ནང་གྲུབ་ཅིང་མི་རིགས་ཐུན་མོང་གིས་གཅིག་གྱུར་དུ་སྤྱོད་པའི་སྐད་ཡིག་ཞིག་ཡིན་དགོས། དེའི་ཕྱིར་རྩོམ་པ་པོ་ཞིག་ཡིན་ཕྱིན་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་མི་རིགས་ཀྱི་རང་བཞིན་མཚོན་དགོས་ན། མི་རིགས་དེའི་གཅིག་གྱུར་གྱི་སྐད་ཡིག་བཀོལ་སྤྱད་བྱས་ཏེ། མི་རིགས་རང་གི་ཐུན་མིན་ཁྱད་ཆོས་སོགས་ཀྱི་བྲོ་བ་རང་སྟོབས་ཀྱིས་མྱོང་བ་བྱ་རྒྱུ་ནི་གཞི་རྩའི་ཆ་རྐྱེན་ཞིག་ཡིན། དེ་ལ་མི་རིགས་གང་ཞིག་གི་རྩོམ་པ་པོ་སུ་ཞིག་ཡིན་རུང་མི་རིགས་གཞན་གྱི་སྐད་ཡིག་སྤྱད་ནས་རང་མི་རིགས་ཀྱི་གོམས་གཤིས་དང་ཁྱད་ཆོས་སོགས་མཚོན་པའི་རྩོམ་རིག་གི་ནང་དོན་ཇི་ལྟར་ཕུན་སུམ་ཚོགས་པར་བྱས་པ་དང༌། རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་ཇི་ལྟར་མངོན་གསལ་བཏོད་རུང༌། རྩོམ་འབྲི་བྱ་བའི་བརྒྱུད་རིམ་ཁྲོད་མི་རིགས་དེའི་དངོས་ཡོད་འཚོ་བ་དང་ཁྱད་ཆོས་གཙང་གསལ་དུ་མཚོན་ཐུབ་བྲལ་ཡོད། ཚུལ་དེར་རྒྱ་ནག་གི་རྩོམ་རིག་སྨྲ་བ་མའོ་ཏུན་གྱིས་བཤད་རྒྱུར། ༼རྩོམ་རིག་གི་བརྩམ་བྱའི་མི་རིགས་ཀྱི་རྣམ་པའི་འགྲུབ་རྐྱེན་གཙོ་བོ་ནི་མི་རིགས་ངག་སྦྱོར་རྨང་གཞིའི་ཐོག་ཏུ་ལས་སྣོན་བྱས་པའི་རྩོམ་རིག་ངག་སྦྱོར་ཡིན་པར་ངེས་སྟབས། མི་རིགས་ཅི་འདྲ་ཞིག་གིས་རྩོམ་རིག་གི་བརྩམ་བྱ་སྐད་ཡིག་གཞན་ཞིག་ལ་བསྒྱུར་པས་ན། དེའི་མི་རིགས་ཀྱི་ཉམས་འགྱུར་གང་ལྟར་མང་ཉུང་ལ་མ་ལྟོས་པར་ཉམས་ཉེས་ཡོང་པ་གཡོལ་ཐབས་མེད་པ་ཞིག་ཡིན། ༽ཞེས་བརྗོད་ཡོད་པ་དང། ཨུ་རུ་སུའི་རྩོམ་རིག་མཁས་ཅན་ཀོར་ཀིས་ཀྱང་བརྗོད་དོན། ༼རྩོམ་རིག་གི་གནད་འགག་ཨང་དང་པོ་ནི་ངག་སྦྱོར་ཡིན། ངག་སྦྱོར་ནི་རྩོམ་རིག་གི་ལག་ཆ་གཙོ་བོ་ཡིན་པ་དེ་དོན་དངོས་དང་འཚོ་བའི་སྣང་ཚུལ་སྣ་ཚོགས་པ་དང་མཉམ་དུ་རྩོམ་གྱི་རྒྱུ་ཆ་གྲུབ་པ་ཡིན།༽ཞེས་རྩོམ་རིག་གིས་མི་རིགས་ཀྱི་ཁྱད་ཆོས་མཚོན་དགོས་ན་མི་རིགས་དེའི་ངག་སྦྱོར་རམ་སྐད་ཡིག་དང་ཁ་བྲལ་ཐབས་མེད་པའི་གནས་ལུགས་བསྟན་ཡོད།
  དེ་བས་ན་རྩོམ་པ་པོ་རྣམས་ཀྱིས་མི་རིགས་རང་གི་སྐད་ཡིག་ལ་བརྟེན་ནས་རྩོམ་ཡིག་བྲིས་ན། ད་བཟོད་མི་རིགས་ལ་བཅངས་པའི་ལྟ་བ་དང་ལྷག་བསམ། འདོད་བློ་བཅས་ཡང་དག་པར་འགྲུབ་ཐུབ་པ་མ་ཟད། རང་ཉིད་ཀྱང་རྩོམ་པ་པོ་ཕུལ་བྱུང་ཞིག་བཅའ་བའི་སྟེགས་བུར་འཛེགས་ཐུབ།
    རང་ཅག་བོད་མི་རིགས་ཀྱི་གཤིས་ལུགས་སུ་གྲུབ་པའི་རྩོམ་རིག་ནི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཁྲོད་ནས་སྐྱེ་སྟོབས་འཕེལ་ཞིང༌། དུས་རབས་དང་སྤྱི་ཚོགས་ངེས་ཅན་ཞིག་གི་ནང་འགྱུར་ལྡོག་སྣ་ཚོགས་བྱུང་སྟེ། ད་ཆ་རྩོམ་པ་པོ་དང་མཁས་པ་རྣམས་ཀྱི་སྒེར་ལ་དབང་བ་ལྟ་བུའི་གནས་བབ་འདིར་རྩོམ་རིག་གིས་ངལ་རྩོལ་མང་ཚོགས་ཀྱི་འཚོ་བ་ཟབ་མཚོན་གྱིས་ངལ་རྩོལ་མང་ཚོགས་ལ་སྐུལ་སློང་དང༌། སློབ་གསོ། མཐུན་སྒྲིལ་བཅས་ཀྱི་ཤུགས་སྣོན་རྒྱག་པའི་འོས་འགན་སྒྲུབ་ཐུབ་ཀྱི་ཡོད་མེད་ཐད་ང་ཚོས་རྟོག་ཞིབ་དང་བསམ་གཞིགས་བྱེད་དགོས་པའི་གནད་འགག་ཅིག་ཆགས་ཡོད། ང་ཚོའི་རྩོམ་རིག་ནི་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང༌། ཐུན་མོང་གི་སྐད་ཡིག  ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། དེ་བཞིན་ཐུན་མོང་གི་རིག་གནས་བཅས་ཀྱི་ཁྲོད་སྐྱེ་སྟོབས་འཕེལ་ཏེ་བོད་མི་རིགས་ཐུན་མོང་ལ་དབང་བས་ན། རྩོམ་པ་པོ་དང་ངལ་རྩོལ་མང་ཚོགས་ཐུན་མོང་ནས་བཀོལ་སྤྱོད་དང་རྒྱུན་སྐྱོང་བྱ་དགོས་པ་ཞིག་ཡིན་ནོ།།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་གི་དགོས་ཆོས་གཤིས་ཉམས་སྐོར་སྤྱི་རྡོག་ཙམ་གླེང་བ།

2013-01-25 རྩེ་སྐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།