གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༡༠ ལོའི《སྦྲང་ཆར》དེབ་གཉིས་པར་སྙན་ངག“རྫུན་མ”བཀོད་འདུག

2015-08-14 11:28:15 ཚེ་རིང་རྣམ་རྒྱལ། ཀློག་གྲངས། མཆན ཡོད།


  སྣ་ཐིག
  ༢༠༡༠ ལོའི་ཟླ ༤ པའི་ཚེས ༡༤ ཉིན་ཡུལ་ཤུལ་ནས་ས་ཡུམ་བྱུང་མུར།དེར་འབྲེལ་གྱི་རྩོམ་རིག་བྱེད་སྒོ་གསར་བ་ཞིག་བྱུང་།སྙན་ངག་ནི་གཙོ་ཁྲིད་ནུས་པར་གྱུར་ཡོད།《གངས་རྒྱན་མེ་ཏོག》དང《སྦྲང་ཆར》《བོད་ཀྱི་རྩོམ་རིག་སྒྱུ་རྩལ》སོགས་ཀྱིས་ཆེད་སྒྲིག་དེབ་དང་ལེ་ཚན་གྱི་སྙན་ངག་པ་མང་པོའི་གདུང་བ་མངོན། རེད་དེ། 《སྦྲང་ཆར》དེབ་གཉིས་པར་རྐུན་འབྲི་བྱས་པའི་སྙན་ངག“རྫུན་མ”དེས། ཐེངས་འདིའི་ས་ཡོམ་སྙན་ངག་ལ་གྲིབ་ནག་བྱུགས་འདུག

  རྩོམ་པ་པོའི་གསང་བ།
  ཡུལ་ཤུལ་ས་ཡོམ་སྙན་ངག་གི་ཁྲོད་དུ《སྐྱེ་རྒུའི་མ་བུའི་བརྩེ་སེམས》 ཞེས་པ་དེ།  ཁྲི་ཚང(汶川)གི་ས་ཡོམ་བྱུང་རྗེས་ཀྱི་སྙན་ངག་ཐོག་མ《གཅེས་ཕྲུག་ཨ་མའི་ལག་པར་དམ་པོར་འཇུས(孩子,快抓紧妈妈的手)》 ཞེས་པའི་སྙན་ངག་དང་གཅིག་འདྲར་སོང་འདུག རྒྱའི་སྙན་ངག་འདིའི་རྩོམ་པ་པོ་སུ་ཡིན་ཐད་དུ།ཀྲང་ཧྲུའུ་ཞིན(张书新)རེད་ཟེར་མཁན་དང་།སུའུ་ཧྲན་ཧྲིན་(苏善生)ཧུང་ཝེ་ཀོ(洪卫国)ལུའུ་ལུའུ(柳柳)སོགས་ཡིན་ཟེར་མཁན་བྱུང་བར་མ་ཟད།ཆེས་ཐོག་མར་དྲ་ཚིགས་གང་ཏུ་བུད་པ་དང་དུས་དེབ་གང་ཞིག་ཏུ་བཀོད་པ་ཡང་རྩད་གཅོད་གསལ་བོ་བྱུང་མེད། འོན་ཀྱང་སྙན་ངག་འདི་ཁྲི་ཚང་ས་ཡོམ་བྱུང་དུས་བྲིས་པ་བསྙོན་དུ་མེད་པར་མ་ཟད། རྩོམ་པ་པོ་བོད་རིགས་ཤིག་མིན་པ་ཡང་ཤེས་ཐུབ། ཡིན་ཡང་། ༢༠༡༠ ལོར་ཡུལ་ཤུལ་ས་ཡོམ་བྱུང་དུས། ཁ་བྱང་ལ་འགྱུར་བ་ཅུང་ཙམ་བཏང་བ་དང་། སྙན་ངག་གི་དོན་རྐྱེན་བྱུང་ས་ཡུལ་ཤུལ་དུ་བསྒྱུར་ཅིང་མཇུག་ཏུ་སྐད་ཆ་ཁ་ཤས་བསྣན་རྗེས་《སྦྲང་ཆར》གྱི་ངོས་ནས་མངོན་བྱུང་།

      རྐུན་འབྲི།
  རང་རྒྱལ་གྱི་ཁྲིམས་དཔྱོད་ལག་ལེན་ཁྲོད་དུ་རྐུན་འབྲི་བྱས་ཡོད་མེད་ཐག་གཅོད་ལ་རྩ་དོན་གཉིས་ཡོད་དེ།གཅིག་ནི་རྐུན་ཡུལ་གྱི་རྩོམ་ཆོས་ལ《བརྩམས་ཆོས་བདག་དབང》ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་མིན།གཉིས་སུ་རྐུས་རྩོམ“ལུགས་མཐུན་བེད་སྤྱོད”ལས་བརྒལ་ཡོད་མེད་དེ་ཡིན།འདིར་བརྗོད་པའི་ལུགས་མཐུན་བེད་སྤྱོད་ནི་གྲངས་ཀྱི་དབྱེ་མཚམས་ཤིག་ཏུ་ངོས་འཛིན་དགོས་ལ།རང་རྒྱལ་གྱི《དཔེ་དེབ་དུས་དེབ་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་ལག་བསྟར་སྲོལ་ཞིབ་ཚོད་ལྟ་མ》ཞེས་པའི་དོན་ཚན་བཅོ་ལྔ་བར།སྙན་ངག་སྐོར་གྱི་རྩོམ་རིག་ལུང་འདྲེན་བྱས་ན་རྐང་བ་བཞི་བཅུ་འམ་སྙན་ངག་ཧྲིལ་བོའི་བཞི་ཆའི་གཅིག་ལས་བརྒལ་མི་རུང་ཞེས་ཐག་གཅོད་བྱས་ཡོད།《སྐྱེ་དགུའི་མ་བུའི་བརྩེ་སེམས》ཞེས་པའི་སྙན་ངག་འདི།ཁྲི་ཚང་གི་ས་ཡོམ་དུས་སུ་བྱུང་བའི《གཅེས་ཕྲུག ཨ་མའི་ལག་པ་དམ་པོར་འཇུས》ཞེས་པའི་ནང་དོན་དང་བརྒྱ་ཆའི་གོ་ལྔ་ཡན་གཅིག་མཚུངས་གྱུར་འདུག་པས། འདི་ནི་ཡིག་རིགས་མི་མཐུན་ཡང་རྐུན་འབྲི་བྱས་ཡོད་པའི་ལས་དབང་སྒྱུར་དུ་མེད།
  ཀྲང་ཐེན་ཁན་གྱིས།《ཀྲུང་གོ་རུ་དཔྱད་རྩོམ་རྫུན་མ་འདི་འདྲའི་མང་བའི་རྒྱུ་མཚན་ཅི》ཞེས་པའི་ཁྲོད་དུ།དཔྱད་རྩོམ་རྫུན་མ་མང་པའི་རྒྱུ་མཚན་གཉིས་དྲངས་ཡོད་དེ།གཅིག་ནི་མི་གཞི་ཟེར་བ་མེད་པས།རྩོམ་རིག་ཅེས་པ་གང་།རིགས་གཞན་ནི་ཁོར་ཡུག་གིས་བསྐྱེད་པ་ཡིན་ཞེས་གསུངས་ཡོད།རང་རེའི་བོད་ཀྱི་རྩོམ་རིག་གི་ཁོར་ཡུག་ལ་མཚོན་ན།གཙོ་བོ《སྦྲང་ཆར》དང《གངས་རྒྱན་མེ་ཏོག》སོགས་དུས་དེབ་མཛུབ་མོས་བགྲངས་ནུས་པ་ཙམ་ལས་མེད།དེ་དག་གི་ངོས་སུ་རྩོམ་ཞིག་འགོད་རྒྱུ་ནི་རྒྱན་ཤོག་ཐོབ་པ་ལས་ཀྱང་དཀའ་བར་གྱུར།དེ་བས་ཐེངས་འདིའི་ཆེད་སྒྲིག་ནི་གསར་སྐྱེས་རྩོམ་པ་པོ་ཞིག་ལ་མཚོན་ན་གོ་སྐབས་དགའ་ཞིག་ཏུ་གྱུར་ཡོད་དོ།
རྩོམ་ཆོས་བདག་དབང་།
  རྩོམ་ཆོས་ལ་ཁྲིམས་ཀྱིས་སྲུང་སྐྱོབ་ཐོབ་ཡོད་པས།གང་འདོད་འདོད་དུ་ལུང་འདྲེན་དང་བསྒྱུར་བཀོད།དུས་དེབ་ཏུ་བཀོད་ཆོག་པ་ཞིག་གཏན་ནས་མིན།བཀོད་ཀྱང་དེའི་རྩོམ་པ་པོ་དང་ཡོངས་ཁུངས་སོགས་གསལ་དགོས་པ་སྨྲོས་ཅི་དགོས།
  འོན་ཀྱང་།རང་རེའི་བོད་ཀྱི་རྩོམ་པ་པོའི་སྡེ་དང་རྩོམ་སྒྲིག་པའི་དཔུང་ཁག་ལ་རྩོམ་ཆོས་བདག་དབང་སྐོར་གྱི་འདུ་ཤེས་ཞན་པ་འདྲ།ད་ལོའི་ཟླ ༣ པའི་ཚེས ༢༣ ཉིན།ཁོ་བོས་བསྒྱུར་བའི་ཧ་བྷོལ་རྒྱང་ཤེལ་གྱིས་ལོ་འཁོར་ཉེ་ལྔར་བླངས་པའི་བར་སྣང་གི་པར་ཚོམས་ཞེས་པ་ཞིག་ཀྲུང་གོའི་བོད་ལྗོངས་དྲ་བར་བཀོད།ཚེས ༢༤ ཉིན་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ཞེས་པའི་འཕྲིན་སྟེགས་སུ་ཧ་བྷོལ་རྒྱང་ཤེལ་སྐོར་གྱི་པར་ཚོམས་དེ་མཐོང་བྱུང་།བདག་གིས་ཁོ་ཚོའི་འགྱུར་དེར་བལྟ་འདོད་ཆེན་པོས་བཀླགས་པར།རྒྱུས་ཡོད་ཀྱི་སྣང་བ་ཞིག་ངང་གིས་ཤར་བྱུང་།དེ་ནས་ཀྲུང་གོའི་བོད་ལྗོངས་དྲ་ངོས་སུ་ཡོད་པའི་རང་གི་འགྱུར་དེར་བལྟས་ཙ་ན་གཅིག་མཚུངས་སུ་སྣང་།གལ་ཏེ་ཀྲུང་གོའི་བོད་སྐད་རླུང་འཕྲིན་གྱི་ཁུངས་སོགས་བཀོད་ཡོད་ན་དེར་སྐྱོན་མི་འདུག ཡིད་ཕངས་པ་ཞིག་ལ་འགྱུར་དེའི་མགོ་མཇུག་བར་གསུམ་དུ་དེའི་སྐོར་གྱི་ཚིག་གཅིག་ཀྱང་མི་འདུག ཁོ་ཚོའི་ལས་ཞུགས་པར་ཁ་པར་གྱི་ལམ་ནས་གནས་ཚུལ་འདི་བརྗོད་དུས།ཁུངས་སོགས་མི་འགོད་པའི་རྒྱུ་མཚན་དུ།འགྱུར་དེ་སྔུན་མ(ཀྲུང་གོའི་བོད་ལྗོངས་དྲ་ངོས་སུ་བཀོད་པ)དང་གཅིག་པ་གཅིག་རྐྱང་མིན(ཀྲུང་གོའི་བོད་སྐད་རླུང་འཕྲིན་རྩོམ་སྒྲིག་པའི་སྐད་ཆ)པས་མིང་མ་བཀོད་ཅེས་བརྗོད་བྱུང་།
  དོན་ངོ་མར་བཤད་ན།རང་རེའི་བོད་ཀྱི་རྩོམ་རིག་དྲ་བ་དང་གསར་འགྱུར་དྲ་བ་སོགས་སུ་བཀོད་པ་ཕན་ཚུན་བརྒྱུད་འགོད་བྱས་པ་ནི་ལུགས་མཐུན་དུ་གནས། འོན་ཀྱང་བརྒྱུད་འགོད་སྐབས་སུ་ཁུངས་དང་དེར་བདག་དབང་ཡོད་པའི་མི་སྣའི་གནས་ཚུལ་བརྗོད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
  རེབ་འདིར།《སྦྲང་ཆར》དུ་བྱུང་བའི་སྙན་ངག“རྫུན་མའི”གནས་ཚུལ་དང་བསྒྲགས་ཏེ། རྩོམ་པ་པོ་དང་རྩོམ་སྒྲིག་པ་ཀུན་གྱིས་རྩོམ་ཆོས་བདག་དབང་ལ་དོ་སྣང་ཡོང་བའི་འབོད་སྐུལ་བགྱིའོ།།
ད་ནི་བརྗོད་འདོད་པ་གླེང་ཟིན།མཇུག་ཏུ་ཀློག་པ་པོའི་སྤྱན་ལམ་དུ་སྙན་ངག་འདི་གཉིས་སྟར་ནས་ཁ་རོག་གེར་འདུག་རྒྱུའོ།།


                སྐྱེ་དགུའི་མ་བུའི་བརྩེ་སེམས།1

བརྩེ་བའི་བུ་ཁྱོད་མགྱོགས་ཙམ་གྱིས་དང་།
ཨ་མའི་ལག་པར་དམ་པོར་འཇུས་དང་།
དག་ཞིང་གི་ལམ་བུར་ན་བུན་འཁྲིགས་པས།
ཨ་མས་ཁྱོད་ལ་སེམས་ཁྲལ་གྱི་བཟོ་ཐབས་བྲལ།
བུ་ཁྱོད་མགྱོགས་ཙམ་གྱིས་དང་།
ཨ་མའི་ལག་པར་དམ་པོར་འཇུས་དང་།
དག་ཞིང་གི་ལམ་དེར་ཨ་མ་ཁྱེད་དང་མཉམ་དུ་བཞུད་འགྲོ།

དག་ཞིང་གི་ལམ་དེར་མཚན་མོ་བཞིན་སྨག་རིམ་གྱིས་དཀྲིགས་པས།
ཨ་མས་ཁྱེད་ཀྱི་ལག་པ་མཐོང་མི་ཐུབ།
གྱང་རལ་འགྱེལ་ནས་འོད་ཟེར་འཕྲོ་དཀའ་བའི་ཉིན་མོ་འདིར།
ང་ཡིས་ཁྱོད་ཀྱི་ཁྲ་ཆུང་མིག་གཉིས་དེ་བས་ཀྱང་མཐོང་མི་ཐུབ།

བུ་ཁྱོད་ག་ལེར་ཕྱིན་ཅིག
རྒྱང་བཞུད་ཀྱི་ལམ་བུར་ཀྱག་ཀྱོག་གི་སྡུག་བསྔལ་མེད་ལ།
གྱེར་མི་ཚར་བའི་སློབ་དེབ་དང་།
ཆགས་འཇིག་གི་གྱོང་གུད་ཀྱི་གཏམ་རྒྱུད་ཀྱང་མེད།
ཨ་མའི་ནོར་བུ།ངུ་སྔངས་མ་བྱེད།
བསུབ་ཏུ་མེད་པའི་ཡབ་ཆེན་གྱི་གཟུགས་བརྙན་སྙིང་ལ་བརྐོས་ནས།
དག་ཞིང་དུ་མཉམ་པོར་མཇལ་ཡོང་།

ཡུམ་ཆེན་ལགས།
ཐུགས་སྐྱོ་བ་རང་མ་གནང་དང་།
ཞིང་ཁམས་ཀྱི་ལམ་བུ་དོག་ཙམ་ཡོད་ཀྱང་།
སློབ་གྲོགས་དང་སྤུན་ཟླ་ཡོད་ཚད་ཀྱིས།
ནམ་ཡང་ཤུམ་རྒྱུ་མེད་པའི་དམ་བཅའ་བཞག་ཡོད།
ཁྱེད་ནི་ང་ཚོ་མང་མའི་ཡུམ་ཆེན་ཏེ།
ང་ཚོ་ཚང་མ་ཁྱེད་ཀྱི་བུས་ཕྲུག་རེད།
ཡུམ་ཆེན་ལགས།ཤུམ་པ་མ་གནང་།
མིག་ཆུས་ང་ཚོར་ལམ་བུ་གཏོད་མི་ནུས་ལ།
སྐྱོ་གདུང་གིས་ཕུ་ནུ་ཚོའི་ལས་དབང་བསྒྱུར་མི་ཐུབ།
ཡུམ་ཆེན་ལགས།ཤུམ་པ་མ་གནང་།
ཁྱེད་དང་ཡབ་ཆེན་གྱི་གཟུགས་བརྙན་ནི།
ཀ་ཆེན་བཞིན་དུ་ང་ཚོའི་སྙིང་ཁོང་ན་ཡུན་དུ་བརྟན་པོར་འགྱིང་ཡོད།
ཡུམ་ཆེན་ལགས།ཤུམ་པ་མ་གནང་།
ཚེ་རབས་རྗེས་མའི་བསྐལ་བ་བཟང་བོར།
གསེར་མདོག་གི་ཉི་སེར་ས་གཞིར་འཕྲོ་ཞིང་།
དྲོད་ཁོལ་འཛོམས་པའི་དཔྱིད་ཟླ་ར་བར།
སྐལ་བཟང་མེ་ཏོག་རྣམ་པར་བཞད་པའི་དུས་ཚིགས་དེར།
ང་ཚོས་ལས་དབང་གི་དར་སྐུད་རིང་མོར་འཇུས་ནས།
ཡང་བསྐྱར་ལྷན་འཛོམས་ཀྱི་དུས་ལ་རོལ་ཆོག་ཨང་།


               孩子快抓紧妈妈的手2

                          ——为地震死去的孩子们而作
孩子,
快抓住妈妈的手
去天堂的路
太黑了
妈妈怕你
碰了头
快抓紧妈妈的手
让妈妈陪你走
妈妈,我怕
天堂的路太黑
我看不见你的手
自从
倒塌的墙
把阳光夺走
我再也看不见
你柔情的眸
孩子
你走吧
前面的路
再也没有忧愁
没有读不完的课本
和爸爸的拳头
你要记住
我和爸爸的模样
来生还要一起走
妈妈
别担忧
天堂的路有些挤
有很多同学朋友
我们说
不哭
哪一个人的妈妈都是我们的妈妈
哪一个孩子都是妈妈的孩子
没有我的日子
你把爱给活的孩子吧
妈妈
你别哭
泪光照亮不了
我们的路
让我们自己慢慢的走
妈妈
我会记住你和爸爸的模样
记住我们的约定
来生我们一起走!


1 ༢༠༡༠ ལོའི་སྦྲང་ཆར་དེབ་གཉིས་པའི་ཤོག་གྲངས ༧༦ ངོས་སུ་གསལ།
2 2009年 《文艺理论研究与批评》第2期 137 页

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།