གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན《ཐར་ལོ》ཡི་སྒྱུ་རྩལ་ཁྱད་ཆོས་གླེང་བ།

2017-01-24 14:09:02 འཇིགས་བྱེད་མཚོ།(གཙོས) ཀློག་གྲངས། མཆན ཡོད།

38e5b6d0-4e82-4f4a-a0f9-15446bb1ba14.jpg

༡.གློག་བརྙན་གྱི་ནང་དོན་གནད་བསྡུས། གློག་བརྙན་འདི་རུ་མི་སྣ་གཙོ་བོ་ཐར་ལོ་བརྒྱུད་དེ་རིག་གནས་གསར་བའི་རླབས་རྒྱུན་ཁྲོད་ཀྱི་མི་རབས་ཤིག་གི་ནང་སེམས་ཀྱི་ཐམ་ཐོམ་དང་། སྔར་ཡོད་འཚོ་བ་དང་དེང་རབས་རིག་གནས་བར་དུ་སྡུག་བསྔལ་གྱི་འཕག་འཚག་བྱེད་བཞིན་པའི་ལས་དབང་བརྗོད་ཡོད། གཤམ་དུ་གློག་བརྙན་འཁྲབ་གཞུང་ཉིད་གློག་བརྙན་སྒྱུ་རྩལ་གྱི་རྣམ་པར་ཕབ་པའི་ཁྲོད་ཀྱི་སྒྱུ་རྩལ་མཚོན་སྟངས་ཐད་ནས་དཔྱད་བརྗོད་ཕྲན་ཙམ་སྤེལ་བར་བྱ།

༢.གློག་བརྙན་སྐད་བརྡ། གློག་བརྙན་གཞུང་ལུགས་སུ་གློག་བརྙན་གྱི་ཚོན་མདངས་ནི་གློག་བརྙན་གྱི་སྙིང་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་ལས་གང་འདོད་དུ་སྤྱོད་པ་ཞིག་གཏན་ནས་མ་ཡིན། གློག་བརྙན་《ཐར་ལོ》ནི་ཚོན་མེད་བརྙན་རིས་ཀྱི་རྣམ་པས་ཕབ་ཡོད་ཅིང་གློག་བརྙན་གྱི་བརྗོད་གཞིའི་ཚོན་མདངས་ནི་ཐལ་སྐྱ་ཡིན་ལ། བརྩམས་ཆོས་ལས་མི་སྣ་གཙོ་བོའི་རང་གཤིས་བཞེངས་སྐྲུན་དང་བརྗོད་བྱ་གཙོ་བོ་འབུར་དུ་བཏོད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་མ་ཟད། སྲོལ་རྒྱུན་གྱི་རྣམ་དག་དང་རང་ཚུགས་མེད་ལ་མཁྲེགས་འཛིན་ཆེ་བ། ཐེ་ཚོམ་ཆེ་ཞིང་རེ་སྙེགས་ཀྱང་ཆེ་བ། རང་གི་འཚོ་བ་དང་ཕྱི་རོལ་གྱི་འཇིག་རྟེན་སོགས་འགལ་འདུ་སྣ་ཚོགས་དང་། ཡང་ན་དྲང་བདེན་པའི་དག་གཙང་དང་གཡོ་ཁྲམ་པའི་ནག་ཉེས་སོགས་མཚོན་སྟངས་ཤུགས་ཆེ་བས། སྤྱིའི་ཆ་ནས་གློག་བརྙན་སྐད་བརྡ་གནད་ལ་འཁེལ་ཅིང་ཅུང་ཕུན་སུམ་ཚོགས་པོར་སྤྱད་འདུག  འདི་ལྟར་དཀར་དམར་ཁྲ་གསུམ་གྱི་ཚོན་མདོག་གི་འུད་སྒྲོག་མཐའ་དག་མེད་པར་བཟོས་རྗེས། གཟིགས་མོ་བའི་སྤྱན་སྔར་བོད་མིའི་འཚོ་བའི་ཐབས་ཆག་གམ་འཚོ་བདེ་འདུག་བདེའི་རྣམ་པ་ཞིག་འཆར་བར་ངེས་ལ། མི་སྣའི་ལྗིད་ཏིག་ཏིག་གི་སེམས་ཁམས་དང་ཁེར་རྐྱང་གི་གནས་སྟངས་ལ་བགས་ཆགས་ཟབ་མོ་སྟེར་སྲིད།  ལྷག་པར་དུ་འཁྲབ་ཡུལ་གྱི་ཁོར་ཡུག་དེ་འདྲའི་སྡུག་པོ་ཡིས་མཐོང་ཚོར་ལ་གཡོ་འགུལ་སློང་ཞིང་། གློག་བརྙན་སྐད་བརྡའི་ཤུགས་བསྟན་སྔར་བས་ཀྱང་རྣོ་ངར་ཅན་དུ་བཏང་སྟེ། གློག་བརྙན་གྱི་བརྗོད་བྱ་འབུར་དུ་བཏོད་པ་ལ་རམ་འདེགས་ཀྱི་ནུས་པ་ངེས་ཅན་ཐོན་འདུག གློག་བརྙན་གྱི་པར་མིག་རྣམ་པ་ནི་ཕྱོགས་བརྟན་བརྙན་མིག་རིང་ལེན་བཀོལ་བ་གཙོ་གནད་དུ་བཟུང་ཡོད་ལ།(固定长镜头)འདི་ནི་མཐུད་སྦྱོར་montageདང་རབ་ཏུ་ལྡོག་སྟེ་པར་ཆས་ཀྱིས་མི་སྣའི་རྣམ་འགྱུར་དང་འགུལ་སྐྱོད་སོགས་ཞིབ་ཆ་གང་ཡང་དམིགས་སུ་མི་འཛིན་པར། དོན་དག་གི་བརྒྱུད་རིམ་དང་དུས་ཚོད་ཇི་མ་ཇི་བཞིན་དུ་སླར་མཚོན་བྱེད་པ་སྟེ། དཔེར་ན། པར་མིག་དང་པོ་རུ་ཐར་ལོས་མའོ་ཡི་གསུང་བཏུས་འགོ་ནས་མཇུག་བར་བློར་སྐྱོར་བའི་བརྒྱུད་རིམ་མ་ལུས་པར་སྐར་མ་བཅུ་གཉིས་ཅན་གྱི་པར་མིག་རིང་ལེན་ཞིག་ཏུ་ཚར་དུ་བཅུག་པ་དང་། པར་མིག་གམ་འཁྲབ་ཁྲིད་པས་དོན་དག་གང་དེར་རང་སྣང་གི་ལྟ་ཚུལ་ཅི་ཡང་མི་འདོན་པ་དང་སྣེ་ཁྲིད་གང་ཡང་མི་བྱེད་དེ། ལྟ་མཁན་ལ་ནམ་ཡང་པར་མིག་གི་ཕྱི་རྒྱབ་ནས་རྒྱང་བལྟ་བྱེད་དུ་བཅུག་པ་དང་། རང་ཚུགས་ཀྱིས་མྱོང་རོལ་དང་བསམ་གཞིགས་བྱ་ཆོག་པའི་གོ་སྐབས་སྤྲད་འདུག་པ་ལྟ་བུར་སྣང་།   དེ་ལས་ཀྱང་ལུག་རྭར་སྤྱང་ཀི་བརྒྱུགས་རྗེས་ལུག་བདག་གིས་ཐར་ལོར་རང་ཉིད་ལུག་རྫི་ཞིག་ཡིན་པ་མ་བརྗེད་ཅེས་མཐོང་ཆུང་དང་ངོ་མཚང་བྲུས་རྗེས། ཐར་ལོས་ཐད་ཀར་སྒོར་མོ་མང་པོ་ཁྱེར་ཡོང་བ་དེས་ལུག་བཙོང་བ་རང་ཤུགས་ཀྱིས་ཤེས་ལ། དེའི་རྒྱུད་རིམ་སྐུང་བའི་མཆོངས་མཐུད་(跳剪)ཀྱི་ལགས་ཐབས་བཀོལ་བ་ཧ་ཅང་ལེགས་པར་སྙམ།  གློག་བརྙན་འདིར་ད་དུང་མེ་ལོང་ལྡོག་འཆར་གྱི་ཐབས་ལམ་རྒྱ་ཆེར་བཀོལ་སྤྱོད་བྱས་ཡོད་དེ། སྐྲ་བཞར་ཁང་གི་བརྙན་མིག་ཕལ་ཆེར་མེ་ལོང་ལྡོག་འཆར་ཡིན་ལ། མི་སྣ་གཙོ་བོ་ཐར་ལོ་དང་གཡང་མཚོའི་བར་གྱི་འབྲེལ་བ་མེ་ལོང་ངོས་ལས་འཆར་ཅིང་མེ་ལོང་ངོས་ནས་འཕེལ་བ་དེས། གཡང་མཚོའི་སྒྱུ་འཕྲུལ་གྱིས་ཐར་ལོ་འཕྲུལ་སྣང་གི་འཇིག་རྟེན་ཞིག་ལ་སླེབས་ཡོད་པ་བསྟན་འདུག་ལ། ཁོང་གཉིས་མེ་ལོང་མདུན་དུ་མཉམ་དུ་ཡོད་དུས་གཡང་མཚོ་ནམ་ཡང་ཐར་ལོ་ལས་མཐོ་བ་དང་ཐར་ལོའི་ཕྲག་པ་ནས་མནན་པའི་པར་ངོས་གྲུབ་ཚུལ་གྱི་མཚོན་དོན་ཀྱང་བྱེའུ་ཁྲ་ཡི་སྡེར་འོག་ཏུ་ཚུད་པ་བཞིན་ཐར་ལོ་གཡང་མཚོའི་གཡོ་ཟོལ་འོག་ཏུ་ཚུད་ཡོད་པའི་མཚོན་ཐབས་ཤིན་ཏུ་ལེགས།  གློག་བརྙན་འདིར་པར་ངོས་གྲུབ་ཚུལ་(构图)གྱི་ཐད་ནས་ཁྱད་ཆོས་གཙོ་བོ་ཞིག་ནི། པར་ངོས་རྩིང་བ་དང་། དོ་མི་མཉམ་པ་སོགས་མཛེས་པའི་ཆ་དེ་འདྲ་མེད་མོད། གློག་བརྙན་སྤྱིའི་ཆ་ནས་བལྟས་ཚེ་འཁྲབ་ཁྲིད་པས་སྟོན་འདོད་པ་དེ་ཕལ་ཆེར་མཛེས་སྡུག་གི་སེང་རས་བཤུས་རྗེས་ཀྱི་བོད་ཡུལ་གྱི་འཚོ་བ་ངོ་མ་ཞིག་ཡིན་འདུག་པས། འདི་ལས་དེང་གི་མཚར་སྣང་འགུག་པའི་སེམས་ཁམས་(猎奇心理)ལ་ཐད་ཀར་དུ་དགག་བཞག་བཏང་འདུག་པར་སྙམ་སྟེ། ཁོའི་བརྩམས་ཆོས་མང་ཆེ་བར་ཡུལ་ལྗོངས་དང་དམངས་སྲོལ། ཆོས་ལུགས་སོགས་མཚར་སྣང་འགུགས་པའི་ལག་ཆར་བཟུང་མེད་པར། དངོས་ཡོད་འཚོ་བ་ཇི་བཞིན་དུ་བརྗོད་ཅི་ཐུབ་བྱས་ཡོད། འདི་ནི་ཁོས་རྟག་པར་བཀོལ་བའི་ལག་ཐབས་ཤིག་ཏུ་མཐོང་། དེ་བཞིན་དུ་གློག་བརྙན་གྱི་དངོས་བཤུས་རྣམ་པ་འབུར་ཏུ་གཏོད་ཡོད་ནའང་གཟིགས་མོ་བའི་མཛེས་དཔྱོད་དང་སྤྲོ་སྣང་རང་བཞིན་ཅི་འདོད་དུ་སྐོང་བའི་ཐད་ལ་མི་མཐུན་པའི་ཆ་མང་པོ་མཆིས་སྲིད་པའང་གོར་མ་ཆག       

༣.དོན་བརྗོད་རྣམ་པ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་ཆོས་ཕལ་ཆེ་བར་གཏམ་རྒྱུད་ལ་ཀྱ་ཀྱུ་དང་རྙོག་འཛིང་གི་ཆ་མེད་པར། དངོས་བཤུས་ཀྱི་རྣམ་པ་འབུར་དུ་ཐོན་པ་དང་། གློག་བརྙན་ལ་བབ་ཆགས་ལྡན་པ་ཞིག་རེད། འདིར་ཡང་དེ་ལས་མ་འདས་པར། དལ་དལ་ལྷོད་ལྷོད་ངང་གློག་བརྙན་མཇུག་རྫོགས་པ་སྟེ། ཐར་ལོ་རྫོང་ཐོག་ཏུ་པར་ལེན་པར་སོང་བ་དང་། དེ་ནས་གཡང་མཚོར་འཕྲད་པ། གཡང་མཚོས་ཁོ་རང་བསླུས་པ་སོགས་གཏམ་རྒྱུད་འཕེལ་རིམ་དུ་འགལ་བ་ཛ་དྲག་མེད་ལ།  མི་སེམས་ལྷོང་ལྷོང་དང་བྲེལ་འཚབ་ཏུ་གཏོང་བ་ཞིག་མ་ཡིན་པར། དེ་ནི་ནས་ཆང་སྔོན་མོ་ཞིག་དང་འདྲ་བར་ཁ་ལ་འཇམ་ཡང་། བཟི་རྗེས་ངར་ཤུགས་ཧ་ཅང་འཛོམས་པ་ལྟར། གློག་བརྙན་མཇུག་རྫོགས་རྗེས་ད་གཟོད་ལྟ་མཁན་རྣམས་བསམ་གཞིགས་ཀྱི་ཀློང་དུ་ཚུད་ངེས་ལ།  བརྩམས་ཆོས་ལས་དེང་རབས་རིག་གནས་ཀྱི་རླབས་རྒྱུན་ཁྲོད་བོད་མིའི་གནས་བབས་དང་། ཐོབ་ཐང་། དྲན་ཤེས་སོགས་ཀྱི་ཐད་གནས་པའི་འགལ་འདུ་མང་པོ་ཞིག་ཀྱང་མཚོན་ཅི་ཐུབ་བྱས་འདུག ལྷག་པར་དུ་གབ་དོན་ཟབ་པའི་གཤིབ་བསྡུར་གང་མང་ཞིག་གིས་བརྗོད་བྱ་གཏིང་ཇེ་ཟབ་ཏུ་བཏང་བ་སྟེ། འབྲོག་ས་དང་གྲོང་བརྡལ། ལ་གཞས་དང་དེང་གཞས། ཐར་ལོ་དང་གཡང་མཚོ་བཅས་ལས་དུས་དང་རྣམ་པ་ཀུན་ཏུ་ལྟ་མཁན་ལ་རིག་གནས་རྡབ་རྡེག་དང་གཅིག་འགྱུར་ཁྲོད་ཀྱི་བོད་མིའི་འཚོ་གནས་ཇི་འདྲ་ཞིག་ཡིན་པ་བསྟན་ཡོད་ལ། དེའི་གོ་རིམ་ཁྲོད་དུ་སྔར་ཡོད་ཀྱི་ཚོར་བ་དང་དྲན་ཤེས་ཉམས་བཞིན་པ་ཤུགས་བསྟན་དུ་བཀོད་དེ་འགལ་འདུ་དེ་དག་ར་སྤྲོད་བྱས་འདུག དཔེར་ན། དང་ཐོག་ཐར་ལོས་མའོ་བཏུས་བློར་ཤར་མར་སྐྱོར་ཐུབ་མོད། རྫོང་མཁར་ནས་ཁྲ་ཁྲ་རིག་རིག་བརྒྱུད་པའི་མཐའ་མར་བློར་སྐྱོར་མི་ཐུབ་པ་ཞིག་ཏུ་གྱུར་བ་ལྟ་བུའོ། །

༤.གཞན་ཡང་། གློག་བརྙན་འདིར་ཞན་ཆའང་གང་མང་ཞིག་མཐོང་སྟེ། གློག་བརྙན་སྐད་བརྡའི་མཚོན་སྟངས་རྣམ་པ་འཁྲུག་ཆ་དོད་པོར་སྤྱད་མེད་པས་གློག་བརྙན་སྐད་བརྡའི་སྒྱུ་རྩལ་གྱི་རྩལ་སྤྲུག་པ་མ་འདང་པས་ཕལ་བའི་གཟིགས་མོ་བའི་མཛེས་དཔྱོད་འདོད་པ་སྐོང་དཀའ་བ་དང་། དོན་བརྗོད་རྣམ་པ་དེ་འཁྲབ་སྟོན་པའི་འཁྲབ་ཚིག་ལ་བརྟེན་པ་ཐལ་དྲགས་པས་གློག་བརྙན་སྒྱུ་རྩལ་གྱི་སྐད་བརྡ་ཆིག་རྐྱང་ཅན་དུ་གྱུར་དྲག་པ། པར་མིག་འཁྲབ་ཚན་ཉུང་དྲགས་པ་དང་མཐུད་སྦྱོར་མང་པོ་སྤྱད་མེད་པས་གཏམ་རྒྱུད་ཀྱི་རྒྱུན་ཐག་ལྷོད་དྲགས་པ་དང་གློག་བརྙན་སྐད་བརྡ་ཚགས་མི་དམ་ཞིང་འགྲོས་དལ་བ་སོགས་ལྟ་བུའོ། ད་དུང་འཁྲབ་སྟོན་པའི་འཁྲབ་ཚིག་ལ་དོན་སྙིང་མེད་པ་དང་སྐྱར་ཟློས་མང་པ། འཁྲབ་ཚིག་བཀོད་སྒྲིག་ཐད་གྱི་གླེང་མོལ་བཙན་གྱིས་སྒྲིག་པའི་ཉེས་སྐྱོན་གསལ་བ་སྟེ། དཔེར་ན། རྡོ་རྗེ་སའོ་ཀྲང་གིས་ཐར་ལོར་བདེ་སྐྱིད་པར་ཁང་དུ་སོང་ཞེས་བཤད་ཡོད་པས། ཐར་ལོ་བདེ་སྐྱིད་པར་ཁང་དུ་ཐོན་རྗེས་ད་དུང་"འདི་བདེ་སྐྱིད་པར་ཁང་ཨེ་རེད་"ཅེས་དྲིས་པ་དང་དོན་མེད་དུ་དེ་གར་པར་ལེན་མཁན་ལ་"པར་ལེན་བཞིན་ཡོད་དམ་"སོགས་ལྟ་བུའི་དགོས་པ་མེད་པའི་འཁྲབ་ཚིག་ཉ་ཉོག་མང་བར་སྣང་། འཁྲབ་གཞུང་གསར་རྩོམ་གྱི་སྐབས་སུ་གཞུང་ལུགས་མཁན་རྣམས་པས་"ཆུ་ཚོད་གཅིག་ཡས་མས་ཀྱི་དུས་ཡུན་དུ་དགོས་མེད་ཉོག་གཏམ་ཤོད་པའི་ཁོམ་ལོང་མཆིས་མི་སྲིད་"ཅེས་པ་དོན་ལ་ཤིན་ཏུ་གནས་པར་སྙམ། གཞན་ཡང་མི་སྣ་བཀོད་སྒྲིག་སྟབས་བདེ་དྲག་པ་དང་། གློག་བརྙན་ལ་བརྗོད་བྱ་སྐུང་བ་དང་དོགས་སྣང་(悬念)སོགས་ཀྱི་བཀོད་སྒྲིག་གང་ཡང་མེད་པར། ཐར་ལོ་སྐྲ་བཞར་ཁང་དུ་སོང་བ་ནས་བཟུང་གཡང་མཚོའི་གཡོ་ཟོལ་དེ་ལྟ་མཁན་གྱིས་ཐད་ཀར་ཚོར་ཐུབ་ལ། ཐར་ལོ་གཡོ་འོག་ཏུ་ཚུད་རྒྱུ་དེའང་རང་ཤུགས་སུ་ཤེས་ཡོང་པས། གཏམ་རྒྱུད་འཕེལ་རིམ་དུ་མི་སེམས་འགུགས་པའི་ནུས་པ་ཞན་པ་དང་། སྤྲོ་སྣང་རང་བཞིན་མེད་པ་སོགས་གློག་བརྙན་སྐད་བརྡའི་ཚིག་སྦྱོར་དང་དོན་བརྗོད་ཐབས་རྩལ་སོགས་སྒྱུ་རྩལ་གྱི་ཚད་མཐོན་པོར་སླེབས་མི་འདུག་པའི་སྣང་བ་སྟེར།  གློག་བརྙན་སྒྱུ་རྩལ་ནི་མ་གཞི་ནས་མིའི་རིགས་ཀྱི་"སྒྱུ་རྩལ་བདུན་པ་"ཞེས་འབོད་པ་ཡིན་ལ། ང་ཚོ་གཞན་གྱི་ཅི་ཟེར་སྒྲོས་ཀྱི་རྗེས་སུ་སྙེགས་ཅི་ཐུབ་བྱེད་པའི་དགོས་པ་མ་མཆིས་ལ། དོན་དངོས་སུ་ "ཚོང་དོན་གློག་བརྙན་"དང་"སྒྱུ་རྩལ་གློག་བརྙན་"ཞེས་ཁ་ཁར་སྨྲ་མཁན་དག་གིས་གློག་བརྙན་གཞུང་ལུགས་ལ་ངེས་ཤེས་ཟབ་མོ་རྙེད་དགོས་པར་སྙམ་པའི་ཞོར་དུ་བོད་ཀྱི་གློག་བརྙན་ཀྱང་སྔོན་ཐོན་གློག་བརྙན་གྱི་གྲལ་དུ་ཚུད་དགོས་པར་ད་དུང་བར་ཐག་ཤིན་ཏུ་རིང་བོ་ཡོད་པར་སྙམ་ལ། ད་དུང་”ཐར་ལོ་”འགྲོ་སའི་ལམ་ཐག་ཀྱང་ཤིན་ཏུ་རིང་བར་སྙམ་མོ།།


རྩོམ་སྒྲིག་པ། སྐྱ་བོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།