གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བརྩམས་སྒྲུང་རྒྱལ་སྤྱི་ཅན་དུ་བསྒྱུར་ཨེ་ཐུབ་བལྟ་དགོས།

2017-12-10 14:47:51 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

ངའི་བརྩམས་སྒྲུང་<<ཡུལ་གྱར་བ་ཞིག་གི་གཏམ་རྒྱུད>>ཅེས་པ་དེའི་ནང་གི་མི་སྣ་གཙོ་བོ་དེའི་མིང་ལ་ར་སེལ་ཟེར་བ་རེད། ང་ལ་ཨ་མེ་རི་ཀར་གྲོགས་པོ་ཨ་རི་བ་པར་པ་སྐད་གྲགས་ཅན་ཞིག་ཡོད་ཅིང་། ཁོང་ཤར་ཕྱོགས་རྒྱལ་ཁབ་མང་པོར་འགྲུལ་བཞུད་བྱེད་མྱོང་མཁན་ཞིག་ཡིན་པ་མ་ཟད་བོད་རིགས་གྲོགས་པོ་མང་པོ་ཡོད་མཁན་ཞིག་ཀྱང་རེད། ང་དང་ཁོང་གི་བར་ལ་གྲོགས་པོའི་འབྲེལ་འདྲིས་ཟབ་པས་ངས་བརྩམས་སྒྲུང་དེའི་ནང་ཁོང་གི་མིང་དེ་བདམས་པ་ཡིན། ཡུལ་གྱར་པ་ཞིག་གི་གཏམ་རྒྱུད་ཐོག་མར་འབྲི་བའི་སྐབས་སུ་ང་ལ་སྒྲུང་གི་བློས་བསླངས་སམ་མིའི་བྱུང་རིམ་ཞིབ་ཕྲ་དེ་འདྲ་གང་ཡང་མེད། ཡིན་ཡང་མི་སྣ་གཙོ་བོ་གཉིས་སེམས་ནང་ཇུས་འགོད་བྱས་པ་ཡིན། ཆེས་ཐོག་མར་ར་སེལ་གྱི་བྱུང་རིམ་དེ་བཀོད་སྒྲིག་བྱས་རྗེས་ཁོ་དང་ལྷན་དུ་མི་སྣ་ཇི་འདྲ་ཞིག་བཀོད་སྒྲིག་བྱས་ན་བཟང་ངམ་སྙམ་དུས་གཡུ་སྒྲོན་ལས་ལྷག་པ་ཞིག་མ་རྙེད་པ་རེད། དེ་བས་གཡུ་སྒྲོན་ར་སེལ་དང་ལྷན་དུ་མི་སྣ་གཙོ་བོ་འཁྲབ་མཁན་དེར་བདམས་པ་ཡིན།

དེ་རྗེས་ཁོར་ཡུག་སྐོར་ལ་བསམ་བློ་གཏོང་དུས་ཀ་རྡོར་སྒང་གསུམ་སྟེ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གྲོང་བརྡལ་དེ་ཚོར་ང་རང་ཞེ་དྲགས་དགའ་བོ་ཡོད། ས་ཆ་དེ་ཚོར་ཕྱིན་མ་མྱོང་ཡང་ནམ་རྒྱུན་རང་ཉིད་ཀྱི་ཚེ་མཇུག་དེ་ཀ་རྡོར་སྒང་གསུམ་གང་རུང་ཞིག་ནས་སྐྱེལ་ཐུབ་ན་བསམ་བཞིན་ཡང་ཡོད། རྒྱུ་མཚན་དེའི་ཕྱིར། ས་ཆ་དམིགས་བསལ་བ་དེ་འདྲ་ཞིག་ནས་རྙེད་པའི་གཡུ་སྒྲོན་གྱིས་ར་སེལ་ལ་གྲོགས་བྱས་ནས་བརྩམས་སྒྲུང་འདིའི་སྤྱི་ཁོག་གྲུབ་པ་རེད། མི་སྣ་གཙོ་བོ་ར་སེལ་ཡིན་ཡང་ཁོའི་འཁྲབ་རོགས་པའམ་ལག་རོགས་གལ་ཆེ་ཤོས་དེ་གཡུ་སྒྲོན་རེད། བྲིས་ཀྱིན་བྲིས་ཀྱིན་འབྲི་རྒྱུ་མང་པོ་ཞེ་དྲགས་འདུག སྤྱིར་བཏང་ཧི་མ་ལ་ཡའི་རི་བརྒྱུད་སྤྱི་དང་ཁྱད་པར་དུ་ཀ་རྡོར་སྒང་གསུམ་གྱི་མིའི་འཚོ་བའི་སྤྱི་འགྲོས་དེ་ཧ་ཅང་དལ་བ་ཞིག་ཡིན་ན་ཡང་། འཚོ་བའི་རྣམ་པ་དེ་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་རེད། རྒྱུ་མཚན་ནི། ས་ཁུལ་འདི་དག་མི་རིགས་སྣ་མང་འདུ་འཛོམ་བྱེད་སའི་ས་ཆ་གནད་འགག་ཆེན་པོ་རྐྱང་རྐྱང་རེད། བྱས་ཙང་། ཞི་མོ་གཡུ་སྒྲོན་འདི་གནས་སྡོད་བྱེད་ས་ཡང་ཀ་རྡོར་སྒང་གསུམ་གྱི་ས་ཆ་གང་ཡང་རུང་བ་ཞིག་ལ་གཏན་ཁེལ་བ་ཡིན་ན། དེས་མ་འོངས་པར་བརྩམས་སྒྲུང་འདིའི་ཤོངས་ཚད་རྒྱ་བསྐྱེད་རྒྱུར་ཕན་ཐོགས་ངེས་ཅན་ཞིག་ཡོད་པ་རེད། དཔེར་ན་ཚོང་ཁང་ཆུང་ཆུང་ཞིག་ཡིན་ཡང་དེ་ས་ཆ་གནད་འགག་ཅན་ཞིག་ཏུ་སྒོ་ཕྱེས་པ་ཡིན་ན་མ་འོངས་པའི་ཚོང་ལམ་དེ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་པ་བཤད་མ་དགོས་པ་བཞིན་རེད། ཡིན་ཡང་ང་ལ་ཆུ་ཚོད་འབེལ་བོ་མེད་པས་བརྩམས་སྒྲུང་དེའི་མཇུག་ད་བར་དུ་འབྲི་ཐུབ་ཡོད་པ་མ་རེད། མ་ཁོམ་པའི་རྐྱེན་གྱིས་གནས་སྐབས་དེར་མཚམས་བཞག་པ་རེད་མ་གཏོགས་སྒྲུང་གི་བྱུང་རིམ་དེ་ད་དུང་མཇུག་སྐྱོང་རྒྱུ་ལྷགས་བསྡད་ཡོད་པ་རེད། དེ་ཙམ་དུ་མ་ཟད་སྔོན་ཆད་བྲིས་ཟིན་པའི་སྐོར་དེ་ནི་སྒྲུང་དེའི་མགོ་ཚུགས་ཙམ་ཞིག་རེད། དེ་བས་མ་འོངས་པར་དུས་ཚོད་བྱུང་བ་ཡིན་ན་མུ་མཐུད་དེ་བརྩམས་སྒྲུང་དེའི་མཇུག་སྐྱོང་རྒྱུའི་འཆར་གཞི་ཡོད། དཔེར་ན་ར་སེལ་དང་གཡུ་སྒྲོན་གཉིས་ཀྱིས་གཉེན་བསྒྲིགས་དང་བྱིས་པ་སྐྱེས་པ། བྱིས་པ་དེ་ཚོ་ཆེ་རུ་འཚར་ནས་སློབ་གྲྭ་འགྲིམས་པ། དེ་ཚོ་སློབ་མཐར་ཕྱིན་རྗེས་ཀ་རྡོར་སྒང་གསུམ་གྱི་ས་ཆ་འདྲ་མིན་ནས་གནད་ཡོད་མི་སྣ་ཆགས་འགྲོ་བ། དེ་དང་དེ་ལྟ་བུའི་བློས་བསླངས་སམ་ཇུས་འགོད་མང་པོ་ཞིག་ངའི་ཀླད་པའི་ནང་སྐོར་བ་བརྒྱབ་ནས་བསྡད་ཡོད་པ་རེད།

བོད་ཀྱི་བརྩམས་སྒྲུང་ནང་གི་ཞན་ཆའམ་བོད་ཀྱི་འཚོ་བའི་གནས་སྟངས་མི་འདྲ་བའི་དབང་གིས། བརྩམས་སྒྲུང་བ་རྣམས་ཀྱིས་བོད་ཀྱི་འཚོ་བ་འབྲི་དུས་ཐོལ་བརྒལ་ལམ་འཚོ་བའི་སྤྱི་འགྲོས་དེར་འགྱུར་བ་བཏང་ནས། བོད་ཀྱི་བརྩམས་སྒྲུང་རྣམས་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། དཔེར་ན་མདའ་ཚན་པས་བྲིས་ཡོད་པའི་ཉེ་ལམ་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་པའི་འཇར་པན་པ་དེའི་བརྩམས་སྒྲུང་སྐོར་ཞིག་ལྟ་བུར་སྒྲུང་གཏམ་ནང་གི་མི་སྣ་ས་ཁུལ་རྒྱལ་སྤྱི་ཅན་དུ་བསྒྱུར་རྒྱུ་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་དོན་དག་གལ་ཆེན་ཞིག་རེད།

བོད་ཀྱི་འཚོ་བའི་སྤྱི་འགྲོས་ལ་ཐོལ་བརྒལ་གྱི་རྣམ་པ་བསྣན་ཏེ་བོད་ཀྱི་བརྩམས་སྒྲུང་རྒྱལ་སྤྱི་ཅན་དུ་བསྒྱུར་དགོས་པ་དཔེར་ན། མདའ་ཚན་པ་བླ་མ་སྐྱབས་ཀྱིས་ཉེ་ཆར་བྲིས་པའི་ནོ་སྦེལ་རྩོམ་རིག་བྱ་དགའ་སོགས་རྩོམ་རིག་བྱ་དགའ་ཆེན་པོ་དུ་མ་ཞིག་ཐོབ་མྱོང་བའི་འཇར་པན་གྱི་རྩོམ་པ་པོ་ཁ་ཟུ་ཨོ་ཨུ་ཤི་སྒུ་རོའི་བརྩམས་སྒྲུང་མང་ཤོས་ལ་རྒྱལ་སྤྱི་ཅན་གྱི་བརྩམས་སྒྲུང་ཞེས་འབོད་དགོས་པའི་རྒྱུ་མཚན་ཏེ། བརྩམས་སྒྲུང་དེའི་ཁོར་ཡུག་གམ་ནང་ལོགས་སུ་རྒྱལ་སྤྱི་དང་འབྲེལ་བ་ཡོད་པའི་དོན་དང་ཆེ་འབྲིང་ཆུང་གསུམ་ལས་སྣོན་བྱེད་དགོས་ཤིང་། ང་ཚོའི་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་སྒྲུང་ནང་གི་བྱུང་རིམ་སྟེ་རང་ཉིད་ཀྱི་གྲོལ་བརྡལ་དེ་ཁོ་བའི་འཚོ་བ་ཙམ་མ་ཡིན་པར། བརྩམས་སྒྲུང་ནང་གི་མི་སྣ་དག་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོར་འགྲུལ་བཞུད་གཞི་རྒྱ་ཆེན་པོ་བྱེད་དུ་བཅུག་སྟེ་འཛམ་གླིང་རང་བཞིིན་ཅན་དུ་བསྒྱུར་པ་ཡིན་ན་ཀློག་མཁན་མང་པོར་བྲོ་བ་ཁྱད་པར་བ་ཞིག་སྟེར་ཐུབ་ཅིང་། ངའི་འཆར་གཞི་བཞིན་བྱས་ན་ར་སེལ་མི་སྣ་གཙོ་བོ་ཡིན་པའི་འཁྱམ་པོ་ཞིག་གི་གཏམ་རྒྱུད་ཀྱི་ནང་དུ་གཙོ་བོ་བོད་ཀྱི་སྲིད་དོན་གྱི་འཕོ་འགྱུར་དང་། དེ་ནས་དམག་ཆེན་གཉིས་པའི་སྐོར་རོབ་ཙམ་སོགས་འཛམ་གླིང་ལ་གཡོ་འཁྱོམ་ཐེབས་པའི་སྲིད་དོན་མང་པོ་ཞིག་འབྲི་དོན་གང་ཡིན་ཟེར་ན། ཤོངས་ཚད་རྒྱ་བསྐྱེད་དེ་བརྩམས་སྒྲུང་དེ་རྒྱལ་སྤྱིའི་རང་བཞིན་ཅན་ནམ་འཛམ་གླིང་རང་བཞིན་ཅན་དུ་བསྒྱུར་རྒྱུ་དེ་དམིགས་ཡུལ་ལྟེ་བ་དེ་ཡིན། རྒྱུ་མཚན་དེའི་དབང་གིས་བརྩམས་སྒྲུང་དེའི་ནང་དུ་དོན་དག་དམིགས་བསལ་དེ་དག་འདྲེན་དོན་ཡང་དེ་ཡིན། དེའི་རྐྱེན་གྱིས། གལ་སྲིད་ངས་མུ་མཐུད་དེ་བརྩམས་སྒྲུང་དེའི་མཇུག་བྲིས་ཚེ། སྒྲུང་དེའི་ནང་གི་དོན་དག་ཕལ་མོ་ཆེ་བྱུང་ས་དེ་ཀ་རྡོར་སྒང་གསུམ་ཡིན་པ་གང་ཞིག་ལ། བརྩམས་སྒྲུང་གི་ཤོང་ཚད་རྒྱ་བསྐྱེད་དེ་རྒྱ་ནག་དང་རྒྱ་གར། དབྱིན་ཇི་དང་ཨ་རི་སོགས་འབྲི་རྒྱུ་དང་། མི་སྣ་གཙོ་བོ་དག་ཕྱོགས་གཅིག་ནས་འཛམ་གླིང་གི་ས་ཆ་མི་འདྲ་བ་མང་པོར་འགྲུལ་བཞུད་བྱེད་དུ་འཇུག་རྒྱུ་དང་། གཉིས་པ་དེ་ལ་འཛམ་གླིང་གི་ས་ཆ་གཞན་པའི་མི་སྣ་མང་པོ་ཞིག་ཚུར་ཀ་རྡོར་སྒང་གསུམ་གྱི་ཕྱོགས་སུ་གདན་འདྲེན་འདྲ་བོ་ཞུས་ཏེ་ཁོ་ཚོའི་བར་གྱི་འཚོ་བ་བཀོད་སྒྲིག་བྱེད་རྒྱུ་ཡིན། དཔེ་ཞིག་བཞག་པ་ཡིན་ན། ངས་རྗེས་སུ་ར་སེལ་གྱི་ཁྱིམ་ཚང་དེས་མ་འོངས་པར་རྡོ་རྗེ་གླིང་ས་ཆ་ག་གེ་མོར་མགྲོན་ཁང་ཞིག་འཛུག་ཏུ་འཇུག་རྒྱུ་དང་། མགྲོན་ཁང་གི་ཟ་ཁང་ནང་དུ་ར་སེལ་གྱི་ཐུན་མོང་མ་ཡིན་པའི་འཚིག་ཇ་དང་གཡུ་སྒྲོན་གྱི་དྲི་ཞིམ་འཐུལ་བའི་འོ་ཇ་ཡང་བཙོང་དུ་འཇུག་གི་ཡིན། ཁོ་གཉིས་ཀྱི་ཚོང་ཧ་ལས་ཀའིི་རྒྱུགས་པོ་བྱུང་སྟེ། ཀ་རྡོར་སྒང་གསུམ་གྱི་ཕྱོགས་སུ་ཡོང་མཁན་ཏེ། བོད་པ་དང་རྒྱ་གར་བལ་བོའི་མི་དང་དེ་བཞིན་ཕྱི་གླིང་པ་མང་པོ་ཞིག་ཁོ་ཚང་གི་མགྲོན་ཁང་དུ་འདུས་ཤིང་། གཙོ་བོ་ཁོ་ཚང་གི་འཚིག་ཇ་དང་འོ་ཇའིི་དྲི་ངད་ཀྱིས་བཀུགས་པ་དང་། དེ་ནས་མགྲོན་པོ་དག་གི་ཆ་ལུགས་དང་སྐད་ཆ། འགྲུལ་བཞུད་དང་འབྲེལ་འདྲིས་སོགས་དང་འབྲེལ་ནས་བརྩམས་སྒྲུང་གི་ཤོང་ཚད་རྒྱ་བསྐྱེད་དེ་རྒྱལ་སྤྱིའི་རང་བཞིན་དུ་བསྒྱུར་རྩིས་ཡིན། གལ་སྲིད་བརྩམས་སྒྲུང་འདི་ཁྲོམ་ཞིག་ཡིན་ན་ཁྲོམ་ས་དེ་རྒྱལ་སྤྱིའི་མགྲོན་པོར་སྣེ་ལེན་བྱེད་ས་ཞིག་ཏུ་བསྒྱུར་འདོད་ཡོད། ཁོ་གཉིས་ཀྱི་ཟ་ཁང་ངམ་ཇ་ཁང་ཆུང་ཆུང་དེ་ག་ལེར་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཏུ་བསྒྱུར་ཐུབ་པ་སྟེ་དཔེར་ན། དེང་སྐབས་རྡ་རམ་ས་ལར་སྙན་ངག་པ་རྔ་བ་མེ་རོས་སྙན་ངག་པའི་ཇ་ཁང་ཞིག་སྒོ་ཕྱེས་ཡོད་པ་དེའི་ནང་དུ་འཛམ་གླིང་གི་ས་ཕྱོགས་མང་པོ་ནས་མགྲོན་པོ་འདུས་དང་འདུ་བཞིན་པ་ལྟ་བུ་ཞིག་རེད།

ངའི་འཆར་གཞི་གཙོ་བོ་ནི་བརྩམས་སྒྲུང་གི་ཤོང་ཚད་རྒྱལ་སྤྱི་ཅན་དང་སྣ་ཇེ་འཛོམ་དུ་གཏོང་རྒྱུ་དེ་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་སྒྱུ་རྩལ་གྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ཀྱང་མངོན་གསལ་ལྡན་པ་ཞིག་འབྲི་རྒྱུ་དེ་ཡིན། ཡང་ལོ་རྒྱས་ཀྱི་མི་སྣ་མང་པོ་ཞིག་བཀོད་སྒྲིག་བྱས་ཏེ་ལོ་རྒྱུས་ཀྱི་འབྲེལ་ཐག་ཀྱང་སྟབས་བདེ་ཡིན་ལ་རྙོག་འཛིང་ཡང་ཡིན་པ་ཞིག་བཀོད་སྒྲིག་བྱེད་དགོས། དཔེར་ན་ཇ་ཁང་དེའི་ནང་གི་མགྲོན་པོའི་ཁྲོད་དུ་བོད་ལ་མཚོན་ན་སྲིད་དོན་པ་གྲགས་ཅན་དང་བླ་མ་ཆེན་པོ། ཚོང་པ་དང་མཁས་པ། གཏན་སྡོད་ཡུལ་མི་དང་གནས་སྐོར་བ། ཐ་ན་རྐུན་མ་དང་སྨད་འཚོང་མ་ཚུན་ཆད་ཇ་ཁང་གྲགས་ཅན་དེར་གདན་འདྲེན་བྱེད་འཆར་ཡིན། དཔེར་ན་ངའི་ངོ་ཤེས་པའི་ཨ་མདོ་བླ་བྲང་གི་མི་ཞིག་ཡོད་པ་ཁོང་གིས་རྡོ་རྗེ་གླིང་ནས་ལོ་ཉི་ཤུ་ཙམ་ལ་གླ་གཏོང་རླངས་འཁོར་བསྐོར་ནས་འཚོ་བ་བསྐྱལ་འདུག་པ་ཁོང་ཡང་ཇ་ཁང་འདིའི་ནང་དུ་མགྲོན་འབོད་བྱེད་རྩིས་ཡིན། དེ་བཞིན་ནམ་ཡང་ངོ་མ་ཐུག་པའི་མ་ཕྱོགས་ཀྱི་གཉེན་ཉེ་ལྷ་བྲིས་པ་དགེ་འདུན་ཆོས་འཕེལ་དང་མཉམ་དུ་བླ་བྲང་ནས་ལྷ་སར་སོང་བ་ཞིག་ཡོད་པ་ཡང་ཇ་ཁང་དེའི་རྩིགས་ངོས་ཀྱི་རི་མོ་འབྲི་བར་གདན་འདྲེན་བྱེད་རྒྱུ་ཡིན། གལ་སྲིིད་ང་ལ་དུས་ཚོད་དང་བསམ་བློ་འབེལ་བོ་བྱུང་ན་ག་ལེར་བརྩམས་སྒྲུང་དེའི་མཇུག་དེ་ལྟར་སྐྱོང་རྒྱུའི་འཆར་གཞི་ཡོད། འདི་ནི་ང་གཅིག་པོའི་ལས་འགན་ཞིག་མ་ཡིན་པར། བོད་ཀྱི་བརྩམས་སྒྲུང་བ་ཚང་མའི་ལས་འགན་ཞིག་དང་། ཁྱད་པར་དུ་ང་ཚོ་ཕྱི་ལོགས་ལ་ཡོད་པའི་བོད་ཀྱི་བརྩམས་སྒྲུང་བ་ཞིག་ཡིན་ན་ཕྱི་གླིང་བའི་འཚོ་བར་ཆ་རྒྱུས་གང་འཚམ་ཞིག་ཡོད་པ་དང་། རྒྱལ་སྤྱིའི་རང་བཞིན་ཅན་གྱི་མི་མང་པོར་ཐུག་འཕྲད་འབྱུང་གི་ཡོད་པ་དང་། འཛམ་གླིང་རང་བཞིན་ཅན་གྱི་དོན་དག་མང་པོ་ཞིག་མཐོང་ཐུབ་ཀི་ཡོད་པ་རེད། དཔེར་ན་རྒྱ་གར་གྱི་རྒྱལ་ས་དང་ཐག་ཉེ་བའི་མན་ཇུ་ཀྲི་ལི་ཞེས་པའི་བོད་ཀྱི་གྲོང་བརྡལ་ཆུང་ཆུང་དེའི་དཀྱིལ་ཙམ་ཞིག་ན་ཡོད་པའི་མགྲོན་ཁང་ཞིག་གི་འོག་དེར་ཇ་ཁང་ཆུང་ཆུང་ཞིག་འདུག དེར་ཉི་མ་རྟག་པར་འཛམ་གླིང་གི་ས་ཆ་མི་འདྲ་བ་ནས་བསླེབས་པའི་མགྲོན་པོ་མཐོང་རྒྱུ་འདུག དེ་དང་དེ་ལྟ་བུར་ང་ཚོའི་བརྩམས་སྒྲུང་མང་པོ་ཞིག་རྒྱལ་སྤྱིའི་རང་བཞིན་ཅན་དུ་བསྒྱུར་པ་ཡིན་ན། རྗེས་སུ་དབྱིན་ཡིག་སོགས་འཛམ་གླིང་ཕྱིའི་ཡིག་རིགས་སྣ་མང་གི་སྟེང་དུ་བསྒྱུར་པ་ཡིན་ན་ཡང་རྒྱལ་སྤྱིའི་ཀློག་པ་པོ་ཚོར་དམིགས་བསལ་གྱི་བྲོ་བ་སྟེར་ཐུབ་ཅིང་། ཁོ་རང་ཚོའི་འཚོ་བ་དང་ཡང་འབྲེལ་བ་ངེས་ཅན་རེ་ཡོད་ན་ཁོ་ཚོས་ཀློག་འདོད་པ་ཞིག་ཡོང་གི་ཡོད་པ་རེད། གལ་སྲིད་ཁྱོད་ཀྱི་བརྩམས་སྒྲུང་དེའི་ནང་དུ་ཨ་མེ་རི་ཀའི་མི་ཞིག་དང་བོད་པ་ཞིག་གི་འབྲེལ་བའི་སྐོར་ཞིག་བྲིས་ཡོད་ཚེ་ཨ་རིའི་མི་རྣམས་ཀྱིས་ཀློག་འདོད་ཆེན་པོ་བྱེད་ཀྱི་རེད། དེ་བཞིན་དུ་ཁྱོད་ཀྱི་སྒྲུང་དེའི་ནང་དུ་ཧྥ་རན་སིའི་མི་ཞིག་གམ་རྒྱ་མི་ཞིག་ཡོད་པ་ཡིན་ན། རྒྱལ་ཁབ་དེ་དང་དེའི་མི་རྣམས་ཀྱིས་ཀློག་འདོད་བྱེད་ཀྱི་རེད། དེ་ལྟར་བརྩམས་སྒྲུང་དེའི་རང་བཞིན་སྣ་འཛོམ་ཅན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། ཁ་སང་དེ་རིང་དངོས་པོ་གང་ཞིག་ཡིན་ཡང་ཕལ་མོ་ཆེ་ཞིག་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཆགས་བསྡད་ཡོད་པ་རེད། དེའི་ཕྱིར། རང་རང་གི་བརྩམས་སྒྲུང་གི་ཤོངས་ཚད་རྒྱ་བསྐྱེད་ནས་རྒྱལ་སྤྱིའི་རང་བཞིན་ཅན་རེ་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་རེད།

བོད་ཀྱི་བརྩམས་སྒྲུང་བ་གྲགས་ཅན་སྟག་འབུམ་རྒྱལ་དང་ཚེ་རིང་དོན་གྲུབ། ལྗང་བུ་དང་བཀྲ་ཤིས་དཔལ་ལྡན། བསྟན་པ་ཡར་རྒྱས་དང་ཚེ་རིང་གནམ་མགོན། ལྷ་བྱམས་རྒྱལ་དང་བཀྲ་བྷ། སྐྱབས་ཆེན་བདེ་གྲོལ་དང་རང་སྒྲ་སོགས་ཕུལ་དུ་བྱུང་བའི་བརྩམས་སྒྲུང་བ་འདི་དག་གིས་རང་རང་གི་བརྩམས་སྒྲུང་གི་ཤོངས་ཚད་རྒྱ་བསྐྱེད་དེ་རྒྱལ་སྤྱིའི་རང་བཞིན་ཅན་དུ་བསྒྱུར་ཡོད་པ་ཡིན་ན། ད་ལྟའི་དུས་འདིར་རྒྱལ་སྤྱིའི་སྟེང་སྐད་གྲགས་དང་ཤུགས་རྐྱེན་ཆེ་ཙམ་ཐེབས་ཡོད་སྲིད་ཀྱང་། ང་ཚོའི་སྒྲུང་རྩོམ་པ་མང་ཆེ་བའི་བརྩམས་སྒྲུང་གི་ནང་དུ་རང་རང་གནས་སའི་ཁོར་ཡུག་དང་རང་རང་གི་ཉེ་འཁོར་གྲོང་སྡེའི་མི་སེར་ཚོ་མ་གཏོགས་འཛམ་གླིང་སྟེང་འགྲུལ་བཞུད་བྱེད་མཁན་ཧ་ཅང་དཀོན་པོ་འདུག དེ་ཙམ་མ་ཟད་རྩོམ་པ་པོ་གྲགས་ཅན་ཁོ་ཚོ་རང་ཉིད་ཀྱང་ཀྲུང་གོའི་རྒྱལ་ས་པེ་ཅིན་ལྟ་བུར་ཡང་ཐེངས་གཅིག་གཉིས་ཙམ་རེ་ལས་འགྲོ་མ་མྱོང་བའི་ཚད་དུ་འདུག འདི་ནི་བོད་ཀྱི་བརྩམས་སྒྲུང་བའི་ཞན་ཆ་ཞིག་རེད་ཅེས་བརྗོད་མི་ཐུབ་ཀྱང་། གལ་སྲིད་བོད་ཀྱི་བརྩམས་སྒྲུང་གིས་འཛམ་གླིང་ལ་ཁ་ཕྱོགས་དགོས་པ་དང་། གལ་སྲིད་བོད་ཀྱི་བརྩམས་སྒྲུང་བ་ཚོས་རང་རང་གི་སྨྱུག་ཁ་འཛམ་གླིང་ལ་སྐོར་དགོས་ན། རང་རང་གི་བརྩམས་སྒྲུང་ནང་གི་མི་སྣའི་ཁྱབ་ཚད་རྒྱ་བསྐྱེད་རྒྱུ་དེ་འདོར་དུ་མེད་པའི་འོས་འགན་ཆེན་པོ་ཞིག་རེད། དེ་ལྟར་མ་ཡིན་པར་རང་གི་སྡེ་བ་དང་སྡེ་མིའི་འཚོ་བ་གཅིག་པོ་ཡང་འབྲི་སྐྱར་འབྲི་བྱས་ནས་བསྡད་ཚེ་བརྩམས་སྒྲུང་དེར་འཛམ་གླིང་ཕྱི་རོལ་གྱི་མི་ཞེས་པའི་གཏོས་ཆེ་བའི་རྩོམ་རིག་གི་འཇིག་རྟེན་དེས་དོ་སྣང་བྱེད་སྲིད་ཀྱི་མ་རེད་སྙམ། ངས་བསམས་ན་རྒྱལ་སྤྱིའི་སྟེང་སྐད་གྲགས་ཅན་གྱི་བརྩམས་སྒྲུང་ཕལ་མོ་ཆེའམ་མང་པོ་ཞིག་གི་ནང་དུ་འཛམ་གླིང་རང་བཞིན་གྱི་མི་སྣ་དང་ཁོར་ཡུག་བྲིས་ཡོད་པ་རེད། ང་ལྟ་བུ་ཡིན་ན་དབྱིན་ཡིག་ཐེབས་ཆག་ཅིག་མ་གཏོགས་ཡིག་རིགས་གཞན་པ་ཀློག་ཤེས་ཀྱི་མ་རེད་དེ། བརྩམས་སྒྲུང་གྲགས་ཅན་རེ་ཟུང་བཀླགས་ན་ཡིན་ན་དེའི་ནང་དུ་འཛམ་གླིང་གི་དོན་དག་གམ་མི་སྣའི་འགྲུལ་བཞུད་དང་འཚོ་བ་བཀོད་སྒྲིག་བྱེད་དུས་ཁོར་ཡུག་ཆེ་ཙམ་རེ་བཞེངས་འབྲི་བྱས་ཡོད་པ་མཐོང་ཡོང་གི་འདུག

ང་ལ་མཚོན་ན་<<ཡུལ་གྱར་བ་ཞིག་གི་གཏམ་རྒྱུད་>>ཅེས་པ་ནི་རང་གི་བརྩམས་སྒྲུང་རྒྱལ་སྤྱིའི་རང་བཞིན་ཅན་དུ་བསྒྱུར་བའི་ཚོད་ལྟ་ཙམ་ཞིག་དང་སྔོན་འགྲོའི་ཚུལ་ལྟ་བུ་ཞིག་ཡིན། དེའི་ཕྱིར་རང་གི་བསམ་ཚུལ་རོབ་ཙམ་ཞིག་འདིར་བྲིས་པ་ཡིན།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།