གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་རིང<<ང་ཡི་ཨ་ཕ་གཉིས>>ཀྱི་བསམ་བློའི་ནང་དོན་དང་ལྷུག་བརྗོད་བྱེད་སྟངས་གླེང་བ།

2018-07-30 17:09:47 བདུད་ལྷ་རྒྱལ། ཀློག་གྲངས། མཆན ཡོད།


ནང་དོན་གནད་བསྡུས།
སྒྲུང་རིང《ང་ཡི་ཨ་ཕ་གཉིས》ཀྱི་བསམ་བློའི་ནང་དོན་ལ་ལོ་རྒྱུས་ཀྱི་དྲན་པ་ཐོ་རུ་འགོད་པ་དང་ཤོང་ཚད་ཆེ་བའི་དགེ་མཚན་ལྡན་པ་དང་།ལྷུག་བརྗོད་བྱེད་སྟངས་ལ་ནུར་འགྲོས་མ་ཡིན་པའི་མཆོང་སྟབས་ཀྱི་ཁྱད་ཆོས་ཡོད་པའི་དགེ་མཚན་ལྡན།ཡིན་ན་ཡང།ཕྱི་དོན་གྱི་གཞི་གྲུབ་ལ་གཞོལ་ཆེ་སྟེ།ཡུལ་ཅན་གྱི་བྱེད་ནུས་ཆེས་ཆེར་བཏོན་པའི་ཐུན་མིན་སྒེར་གྱི་འཚོ་བའི་ངོས་འཛིན་གྱིས་ཅུང་མ་འདང་བར་འདུག

བརྡ་ཆད་གཙོ་བོ། སྒྲུང་རིང《ང་ཡི་ཨ་ཕ་གཉིས》 བསམ་བློའི་བསྟན་དོན། ལོ་རྒྱུས་ཀྱི་དྲན་པ། ལྷུག་བརྗོད་བྱེད་སྟངས། 

རྩོམ་རིག་སྨྲ་བ་དག་གིས་བཤད་ན།“རྩོམ་རིག་ཁྱབ་ཁོངས་ཁྲོད་ཀྱི་བྱུང་རིམ་དང་བཀོད་འབྲི་དང་རྩོམ་གཤིས་ལྟ་བུའི་གྲུབ་ཆ་དག་ནི་སྒྲུང་རིང་ཁོ་ནས་བརྒྱོངས་ཐུབ་ལ།སྒྲུང་རིང་ནི་རྩོམ་རིག་གི་ཚད་གཞི་ཡིན་པ་དང་།སྒྲུང་རིང་ནི་རྩོམ་རིག་ནར་སོན་གྱི་རྟགས་མཚན་ཡིན”[①] ཟེར།

   རྩོམ་པ་པོ་ཚེ་རིང་དོན་གྲུབ་ནི་བརྩམས་སྒྲུང་གསར་རྩོམ་གྱི་ཉམས་མྱོང་ཡོད་ལ།ལོ་ན་ཚོད་ཀྱང་ཡར་གསེག་ཡིན་པས་འཚོ་བའི་མྱོང་བའང་ཕུན་སུམ་ཚོགས་པ་ཡོད།ཁོང་གི་སྒྲུང་རིང<<ང་ཡི་ཨ་ཕ་གཉིས>>བཀླགས་རྗེས། ང་ལ་རྩོམ་འདིས་བོད་ཀྱི་སྒྲུང་རིང་གི་རྩོམ་ལུས་ལ་འཕེལ་རྒྱས་བཟོས་འདུག་སྙམ་པའི་ཚོར་བ་དྲག་པོ་བྱིན་སོང་།

    བོད་ཀྱི་དེང་རབས་སྒྲུང་རིང་ནི་འབྱུང་སྔ་སྟེ།དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་མགོར་བྱུང་ཟིན།དེ་བཞིན་གྲངས་ཀྱང་མི་ཉུང་བ་ཞིག་ཡོད།སྒྲུང་རིང་དེ་དག་གིས་རང་རང་ས་ནས་འཚོལ་རྟོག་གི་ལམ་བུར་གཤེགས་ནས་བོད་ཀྱི་དེང་རབས་རྩོམ་རིག་ལ་མཛེས་སྡུག་མི་དམན་པ་བསྐྲུན་ཡོད།ཡིན་ན་ཡང་།ཕྱིའི་ལོ་རྒྱུས་ཀྱི་ཚད་བཀག་ཐེབས་པའམ་ཡང་ན་ནང་གི་བློ་སྦྱོང་གི་ཚད་བཀག་ཐེབས་པ་གང་རུང་གིས་སྒྲུང་རིང་གི་རང་མདངས་ཡར་ལྡན་དུ་ཡོད་པའི་སྒྲུང་རིང་མང་བོ་ཞིག་ད་དུང་མཐོང་དཀའ།ལ་ལར་བསམ་བློའི་བསྟན་དོན་ལེགས་པོ་ཞིག་ཡོད་ཀྱང་མི་སྣའི་གཤིས་ཀ་ཆིག་རྐྱང་བར་སོང་བ་དང་།ལ་ལ་ནི་འཚོ་བའི་གཏིང་རིམ་དུ་འཛུལ་མ་ཐུབ་པར་ཕྱིའི་འཚོ་བའི་སྣང་ཚུལ་ལམ་གོམས་གཤིས་ཀྱིས་སྤྱི་ཚོགས་འཚོ་བའི་དོད་བྱས་པ་དང་།ལ་ལ་ནི་སྒྲིག་གཞི་ལ་ཆ་མཉམ་དོ་མཉམ་མ་བྱུང་བ་སོགས་ཀྱི་སྣང་ཚུལ་ནི་བོད་ཀྱི་དེང་རབས་སྒྲུང་རིང་ལ་མཆིས་ཏེ་ཡོད།

སྒྲུང་རིང་དེ་ཡིག་ཚོགས་ཙམ་གྱི་སྒོ་ནས་བཤད་པ་ནི་ཆེས་ཕྱི་རགས་ཀྱི་ཚད་གཞི་ཞིག་སྟེ།དོན་གྱིས་གཙོ་བོ་འཚོ་བའི་ཤོང་ཚད་ཀྱི་ཚད་གཞི་འཛིན་དགོས་པ་ཡིན།སྒྲུང་རིང་གིས་མི་རིགས་ཤིག་གི་ལོ་རྒྱུས་ཀྱི་འཕོ་འགྱུར་རམ་དུས་རབས་ཤིག་གི་ཁྱད་རྟགས་རྩོམ་ནང་འཆུན་དང་ཤོང་དགོས་པ་དང་།ད་དུང་ཧེ་གུར་གྱིས་བཤད་པ་ལྟར་ན་འཚོ་བ་ལ་ཕྱོགས་བཅུ་ནས་བལྟས(全景式) ཏེ་སྤྱི་ཚོགས་འཚོ་བའི་ངོས་ཟུར་མང་བོ་མཚོན་དགོས་པ་ཞིག་ཡིན།དེ་ལྟའི་འཚོ་བ་དེ་ཡང་མི་སྣ་དུ་མའི་འཚོ་བ་གསོན་པོའི་སྟེང་དུ་བབས་ཤིང་།མི་སྣ་དུ་མའི་གཤིས་ཀ་རྒྱགས་ལ་གྱ་ནོམ་པ་ཅན་གྱི་སྒོ་ནས་སྤྱི་ཚོགས་འཚོ་བ་དེ་འདེགས་ཤིང་བརྒྱོངས་དགོས་པ་ཞིག་ཡིན།དེ་བས་ངེས་པ་དོན་གྱི་སྒྲུང་རིང་རྩོམ་པ་ནི་ལས་སླ་བོ་ཞིག་མིན་པར།རྩོམ་པ་པོ་ལ་ཕྱོགས་མང་བོ་ནས་དོ་བཟློ་བ་ཡིན།

                         གཅིག

     སྒྲུང་རིང<<ང་ཡི་ཨ་ཕ་གཉིས>>ཀྱིས་ཏིང་འཛིན་དང་བསམ་འཕེལ་གཉིས་ཀྱི་ཆུང་བྱིས་དུས་ཀྱི་འཚོ་བ་ནས་དར་མའི་དུས་ཀྱི་འཚོ་བ་བྲི་བའི་སྒོ་ནས།ཕལ་ཆེར་བོད་མི་རིགས་ཀྱི་སྤྱི་ཚོགས་གསར་བའི་འཚོ་བ་ཚུར་སྣང་བྱས་འདུག

    ཨ་ཕ་བྱམས་པ་ནི་བཅིངས་གྲོལ་བྱས་མ་ཐག་པའི་སྐབས་ཀྱི་བོད་མི་རིགས་ཀྱི་ལས་བྱེད་པ་ཞིག་རེད།ཁོང་ནི་སྤྱི་ཚོགས་གསར་བའི་མི་རབས་དང་པོར་ངོས་འཛིན་བྱས་ན་ཆོག ཁོ་རྩོམ་ནང་གི་མི་སྣ་ཕལ་བ་ཞིག་ཡིན་པས་ཁོ་རང་གི་འཚོ་བ་སྤྱིར་ན་བྲིས་པ་ཉུང་ཡང་།རྟར་ཞོན་པ་དང་བོའུ་ཁུར་བ་རི་དྭགས་རྔོན་པའི་རྣམ་པ་འདི་ཙམ་ལའང་སྐབས་དེའི་སྤྱི་ཚོགས་འཚོ་བ་ཚུར་སྣང་གི་དོན་སྙིང་ནི་ཡོད།

    རྩོམ་གྱི་མི་སྣ་གཙོ་བོ་ནི་བསམ་འཕེལ་དང་ཏིང་འཛིན་གཉིས་རེད།སྒྲུང་རིང་གིས་ཁོ་གཉིས་ཀྱིས་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམ་ཞིང་།བྱ་བར་ཞུགས་པའི་ནར་སོན་གྱི་འཚོ་བའི་གོ་རིམ་རིག་གནས་གསར་བརྗེ་དང་།མི་བཞི་ཚོགས་ཁག་རྡུལ་དུ་བརླགས་ཏེ་མི་རིགས་རིག་གནས་ལ་སླར་གསོ་ཐོབ་པ་དང་།དཔོན་ངན་བསྐམ་དཔོན་གྱི་རུལ་སུངས་ཀྱི་སྣང་ཚུལ་ཆེས་ཆེར་བདོ་བ་དང་དེང་གི་མི་རབས་གསར་བ་ཞིག་ལ་མི་རིགས་ཀྱི་སྐད་ཡིག་ཐད་ནས་ཉམ་ཆག་འབྱུང་བཞིན་པའི་ད་བར་གྱི་ལོ་རྒྱུས་རགས་ཆེ་བའི་ཁྲོད་བཞག་ཏེ།རྩོམ་གྱི་མི་སྣ་དག་གི་འཚོ་བ་བྲི་བ་བརྒྱུད་ནས་སྤྱི་ཚོགས་གསར་བའི་འཚོ་བ་དཀྱུས་གཅིག་ཏུ་རྩོམ་ནང་བཀོད་འདུག་པས།རྩོམ་གྱིས་ཐོག་མར་མི་རིགས་ཀྱི་ལོ་རྒྱུས་གསར་བ་ཞིག་རྩོམ་ནང་ཚུར་སྣང་བྱས་འདུག 

   འདི་ལྟའི་བོད་མི་རིགས་ཀྱི་ལོ་རྒྱུས་རགས་བསྡུས་རྩོམ་ནང་རྒྱབ་ལྗོངས་ཆེན་པོ་ཞིག་གི་ཚུལ་དུའམ་རྒྱང་རིང་གི་ཁོར་ཡུག་ཆེན་པོ་ཞིག་གི་ཚུལ་དུ་བཀོད་པས།ཞིབ་ཏུའམ་ཐད་ཀར་བྲིས་པ་ཉུང་ཡང་།སྒྲུང་གཏམ་བཀླགས་པའི་མོད་ལ་ང་ཚོས་ཐག་ཉེ་ས་ནས་ལོ་རྒྱུས་རགས་ཆེ་བ་དེ་ནམ་ཡང་ཚོར་ཐུབ།དཔེར་ན།སྒྲུང་གཏམ་གྱི་མགོ་ན་བྲིས་ཡོད་པའི་ཚའེ་དང་གོ་རེ་དང་།ལིང་ཕེའོ་དང་།ལྒང་ལི་དང་།ཏེན་ཡིང་སོགས་དང་།བར་ན་རྐང་སྣམ་དུང་ཁ་མ་གོན་པ་དང་།<<ཧྲའོ་ལིན་དགོན་པ>>ཡི་གློག་བརྙན་ལ་ལྟ་བ་སོགས་ནི་དངོས་སུ་མི་རིགས་ཀྱི་ལོ་རྒྱུས་རགས་ཆེན་མཚོན་བྱེད་ཀྱི་རྟགས་མཚན(道具)གལ་ཆེན་དུ་འགྱུར།དེ་བས་རྩོམ་ལ་ལོ་རྒྱུས་ཆེན་མོ་ཐོ་རུ་འགོད་པའམ་ལོ་རྒྱུས་ཀྱི་དྲན་པ་གསོ་བའི་འཚོ་བའི་ཤོང་ཚད་ཀྱི་དགེ་མཚན་ཡོད་འདུག

   ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དང་། སྒོས་སུ་དུས་སྐབས་གསར་བའི་ཚུན་གྱི་བོད་ཀྱི་ལོ་རྒྱུས་ཤེས་པ་ལ་སྒྲུང་རིང་འདི་དང་འདི་ལྟ་བུའི་རྩོམ་རིག་བརྩམས་ཆོས་མ་གཏོགས། ད་ལྟ་ད་དུང་ལོ་རྒྱུས་ཀྱི་དེབ་ཐེར་མེད་པ་འདི་གཅིག་པུའི་སྟེང་ནས་བསམས་ཀྱང་སྒྲུང་རིང་འདིས་ལོ་རྒྱུས་གསར་བ་ཐོ་རུ་བཀོད་པ་ལ་དགེ་མཚན་མི་དམན་པ་ཡོད།

   རྩོམ་ནང་ཞིབ་ཏུ་བྲིས་པ་ནི་བསམ་འཕེལ་དང་ཏིང་འཛིན་གཉིས་ཀྱི་ནར་སོན་གྱི་གོ་རིམ་རེད།འཚོ་བ་འདི་ནི་ཆེས་ཕུན་སུམ་ཚོགས་པ་ཞིག་སྟེ།ཕྱོགས་གཅིག་ནས་ཁོ་གཉིས་ཀྱང་དུས་རབས་ཀྱི་ཁོར་ཡུག་ཆེན་པོའི་ཁྲོད་ན་འཚོ་ཞིང་སྡོད་པ་ཞིག་ཡིན་པས།ཁོ་གཉིས་ཀྱི་འཚོ་བ་བྲིས་པ་ལས་ལོ་རྒྱུས་ཀྱི་རགས་ཆེའི་དོན་དག་དག་ཚུར་སྣང་བྱས་ནས་འོངས་ལ།ཡང་ཕྱོགས་གཅིག་ནས་ཁོ་གཉིས་ལ་ཐུན་མིན་སྒེར་གྱི་འཚོ་བ་ཡང་ཡོད་པས།ཁོ་གཉིས་ཀྱི་འཚོ་བ་དུས་ཀྱི་ཁོར་ཡུག་ཆེན་པོའི་འཚོ་བ་ལས་གཞན་དུ་གྱུར་བའི་ཆ་ཡང་ཡོད།

   བསམ་འཕེལ་དང་ཏིང་འཛིན་གཉིས་ལ་ཐོག་མའི་དུས་སུ་འདྲ་མཚུངས་ཀྱི་འཚོ་བ་མང་བོ་ཞིག་ཡོད།སློབ་སྦྱོང་ལ་དགའ་བ་དང་བརྩོན་འགྲུས་ཆེ་བ།ཕྱི་ཐག་རིང་བ།གཉའ་མི་ཆགས་པ་སོགས་འདྲ་ཡང་།རིམ་གྱིས་སམ་སློབ་ཆེན་ནས་བཟུང་ཁོ་གཉིས་བགྲོད་ལམ་མི་འདྲ་གཉིས་ལ་ཞུགས་འདུག བསམ་འཕེལ་ནི་ཟོལ་ཟོག་དང་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བར་བྱ་བ་ཏིག་ཏིག་པོ་ལས་པར་སྤྲོ་ལ།ཏིང་འཛིན་ནི་ཟང་ཟིང་དང་ཟོལ་ཟོག་འཇིག་རྟེན་མཐུན་འཇུག་གི་ལས་ལ་སྤྲོ་བར་གྱུར་བས།རྩོམ་གྱི་མཇུག་ཏུ“ཨ་ཕ་གཉིས”ཀ་ཁྱོན་ནས་མི་འདྲ་བའི་མི་སྣ་སོ་སོ་བ་གཉིས་སུ་གྱུར་ཡོད།

    ཀུན་སྤྱོད་ཀྱི་ཐད་ནས་ང་ཚོས་ཏིང་འཛིན་ལ་སྡིགས་དམོད་བྱེད་ཆོག་ཀྱང་།མ་གཞིའི་མིའི་འཚོ་བའི་ཁྲོད་ནས་ཏིང་འཛིན་ལྟ་བུ་ད་དུང་མང་ཤོས་ཡིན་པ་དང་། འཇིག་རྟེན་མི་ཡུལ་གྱི་འཚོ་ཚིས་ཀྱིས་མི་རྣམས་རང་དབང་མེད་པར་བདས་ཏེ་ཏིང་འཛིན་གྱི་ལམ་བུ་ཞུགས་འགྲོ་བས། ཏིང་འཛིན་གྱི་ལམ་ཁ་དེ་ཡང་འཇིག་རྟེན་མི་ཡུལ་གྱི་འཚོ་བ་རྒྱུན་ལྡན་པ་ཞིག་ཅི་ལ་མིན།རྩོམ་རིག་ལ་མཚོན་ན་འདི་ལྟར་ཐོག་མར་མིའི་མ་གཞིའི་གནས་སྟངས་མཚོན་པར་བྱེད་ན་རྩོམ་ལ་གསོན་ཉམས་ལྡན་པ་དང་མིའི་འཚོ་བའི་བྲོ་བ་འཛུལ་བར་འགྱུར་བས། འདི་འདྲ་འབྲི་བ་བཙོག་ཏུ་མི་འགྱུར་རྒྱན་དུ་འགྱུར་བ་ཡིན།

   གང་ལྟར་ཀྱང་ཁོ་གཉིས་ཀྱི་མི་སྣའི་སྣང་བརྙན་དང་མི་ཚེའི་བརྒྱུད་རིམ་མི་འདྲ་བ་བྲིས་བའི་སྟེང་ན་མི་རབས་ཤིག་གི་མི་ཚེའི་འཚོ་བ་ཚུར་སྣང་བྱས་པའི་ཆ་ཡོད།ང་ལྟ་བུའི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་ནང་གི་མི་ལ་མཚོན་ན་དངོས་སུ་ང་རང་ཉིད་ཀྱི་འཚོ་བ་བྲིས་འདུག་སྙམ་པའི་མཉམ་འུར་འབྱུང་།དེ་མིན་ཡང་དེང་གི་བརྒྱད་ཅུ་བའི་རྗེས་དང་དགུ་བཅུ་བའི་རྗེས་ཀྱི་མི་རབས་ལ་མཚོན་ནའང་ངས་བསམ་ན་མི་སྣ་གཉིས་ཀྱི་འབད་འབུངས་དང་གདོང་མཆོང་གི་གཤིས་ཀ་དང་སྣང་བརྙན་ལ་ཡར་བསྐུལ་དང་མིག་བལྟས་ཀྱི་སྟོབས་ཤུགས་ཡོད་འདུག

   མི་སྣ་བསམ་འཕེལ་ནི་དྲང་ཕྱོགས་ཀྱི་མི་སྣ་ཞིག་ཏུ་འབྲི་བཞེངས་བྱས་པས།ཁོའི་སྟེང་ན་དྲང་ཕྱོགས་ཀྱི་ནུས་སྟོབས(正能量)དྲག་ཏུ་ཡོད་ལ།ཁོ་ནི་ཕུགས་བསམ་ཅན་གྱི་མི་གཞི་ཞིག་ཀྱང་ཡིན།དེ་བཞིན་དུ་ཏིང་འཛིན་ཀྱང་ཐོག་མ་དང་བར་གྱི་དུས་སུ་དྲང་ཕྱོགས་ཀྱི་མི་སྣ་ཞིག་ཡིན་པས།ཁོའི་སྟེང་ནའང་ཕུགས་བསམ་ཅན་དུ་བྱས་པའི་ཆ་ཡོད།དེ་བས་རྩོམ་ཀྱང་གཙོ་རྒྱུགས་ཀྱི་ལྟ་བ་དང་ལྷུག་རྗོད་རྒྱ་ཆེན་པོའི་ལམ་དུ་ཞུགས་པ་ལྟ་བུར་སྣང་ཡང་།《ང་ཡི་ཨ་ཕ་གཉིས》ཀྱིས་དོན་གྱིས་མི་བུའི་འཚོ་བ་ལ་ཀུན་སྤྱོད་དང་ཕུགས་བསམ་གྱིས་གཞོགས་གཏུབ་ཆེན་པོ་མ་བྱས་པར།མི་བུ་ཞིག་གི་ནར་མའི་འཚོ་བ་ལ་བརྩི་འཇོག་ཆེན་པོ་ཐོབ་པ་འདིས་རྩོམ་འདིར་འཚོ་བའི་རྫི་ངད་དང་མི་ཡི་བྲོ་བ་སྣུམ་པོ་ཞིག་གིས་བྲན་ནས་འདུག

   མི་སྣ་གཉིས་ཀྱི་འཚོ་བ་དེ་སློབ་སྦྱོང་དང་ཡང་ན་འབད་འབུངས་གཅིག་པུས་གྲུབ་པ་མིན་པར།དེ་དག་གི་བར་གསེང་སོ་སོ་ན་རྡུང་རེས་བྱེད་པའམ་ཆང་འཐུང་བའམ་འཁྱུད་སྦྱོར་བྱེད་པའམ་མཆུ་སྦྱོར་བྱེད་པ་སོགས་ཀྱི“དོན་སྙིང་མེད་པའི་འཚོ་བ”མང་དུ་ཡོད་པ་འདི།སྤྱོད་ལམ་པ་ཞིག་གི་མིག་ངོར་ཆེས་མི་མཛེས་པ་ཞིག་ཡིན་ཀྱང་།འདི་ནི་མིའི་གཤིས་ཀ་ལས་ཟོག་གི་རང་བཞིན(动物性)མངོན་པ་ཞིག་ཡིན་པས།རྩོམ་རིག་ནི་མིའི་རིག་པ་ཡིན་པའི་ཆ་ནས་བལྟས་ན་རྩོམ་ལ་གསོན་ཉམས་འདོན་བྱེད་དུ་གྱུར་འདུག ལྷག་པར་དུ་དངོས་ཡོད་ཀྱི་འཚོ་བའི་ཁྲོད་ན་གོང་གི“བཙོག་སྤྱོད”དེ་དག་མིའི་གཤིས་དང་འཚོ་བའི་གཤིས་སུ་གྲུབ་འདུག་པས།དོན་གྱིས་དེ་དག་དགོས་མེད་ཅིག་ཏུ་མི་འགྱུར་བར།མི་མི་རུ་སྒྲུབ་བྱེད་ཀྱི་རྟགས་ཡང་དག་ཅིག་ཏུ་གྱུར་འདུག 《ང་ཡི་ཨ་ཕ་གཉིས》ལ་མཚོན་ན་དེ་ལྟའི་བཙོག་སྤྱོད་འབྲི་བ་དབང་བོའི་སྤྲོ་བ་ལྷུར་ལེན་པའི་ཆེད་མ་ཡིན་ལ།ལྷག་པར་དུ“གསང་མཚར”གྱི་ཆ་ཞིག་རྩོམ་གྱི་སྟེང་ལ་མི་འབྱོར་བཞིན་དུ་སྦྱར་བ་ཞིག་མིན་པར།འབྲི་ཐབས་ཀྱི་ཆ་ནས་ཚད་ཡོད་པའི་སྒོ་ནས་འཚོ་བའི་གྲུབ་ཆ་ལྷུན་གྱིས་གྲུབ་པའི་ཚུལ་དུ་བྲིས་འདུག་པ་འདི་ཆེས་ལེགས་ཤིང་མཚར་བའི་གནས་སོ།

   དེ་ལྟར་སྒྲུང་རིང་འདིས་ཕྱོགས་གཅིག་ནས་རགས་ཆེ་བའི་ལོ་རྒྱུས་ཀྱི་ཆ་རྩོམ་ནང་ཐོ་རུ་བཀོད་ཡོད་པ་དང་།ཕྱོགས་གཉིས་ནས་མི་བུ་ཞིག་གི་སྒེར་གྱི་ནར་སོན་གྱི་བརྒྱུད་རིམ་རྩོམ་ནང་བཀོད་པ་དང་།ད་དུང“དོན་སྙིང་ཅན་གྱི་འཚོ་བ་མ་ཡིན་པའི”མི་ཇུས་ཀྱི་འཚོ་བ་རྩོམ་དུ་བཀོད་པ་བཅས་ཀྱིས་སྒྲུང་རིང་འདི་འཚོ་བའི་ཤོང་ཚད་ཆེ་བའི་ཟ་མ་ཏོག་ཅིག་དང་མིའི་གཤིས་དང་མིའི་བྲོ་བ་ལྡན་པ་ཞིག་ཏུ་གྲུབ་སྟེ།སྒྲུང་རིང་རྩོམ་ལུས་ཀྱི་རང་མདངས་དངོམ་བཞིན་པའི་བརྩམས་ཆོས་ལེགས་པོ་ཞིག་ཏུ་སྣང་ནས་འདུག

                         གཉིས།

   ནང་དོན་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་འདི་འདྲ་བརྩམས་སྒྲུང་ཤོག་ལྡེབས་ཉིས་བརྒྱ་དྲུག་ཅུ་ལྷག་ཅིག་གིས་སྟོན་རྒྱུ་ནི་སྤྱིར་དཀའ་མོ་ཞིག་ཡིན་ཏེ།ནང་དོན་དེ་འདྲ་བ་རྩོམ་ནང་བཏོན་པ་ཙམ་གྱིས་མི་ཆོག་པར།མཐར་ཆགས་སུ་སྟོན་དགོས་པས་ན་ནང་དོན་ཕུན་ཚོགས་རྒྱ་ཆེན་ཅན་ལ་དེ་མཚུངས་སུ་ཡིག་ཚོགས་ཀྱང་མང་དུ་དགོས་ངེས་ཡིན།ཡིག་ཚོགས་ཉུང་ལ་དོན་ཕུན་སུམ་ཚོགས་པ་ཡོང་རྒྱུའི་འགལ་བ་ཐག་གིས་གཅོད་རྒྱུ་དེ་རྩོམ་པ་པོ་དག་ལ་མཚོན་ན་དོ་ཆེན་པོ་བཟློ་བ་ཞིག་ཡིན་ལ།བོད་ཀྱི་དེང་རབས་བརྩམས་སྒྲུང་གིས་ཐོག་མཐའ་བར་གསུམ་ཀུན་ཏུ་གཟབ་དགོས་པའི་དོན་གནད་གལ་ཆེན་ཞིག་ཀྱང་ཡིན།

   བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ཐོག་མའི་སྐབས་དང་། ཡང་ན་དེང་བར་གྱི་སྤྱིར་བཏང་གི་རྩོམ་པ་པོ་དང་ཀློག་པ་པོ་ལ་ད་དུང་འདིའི་གལ་གནད་ཆེན་པོར་ངེས་ཤེས་རྙེད་ཡོད་པ་མ་རེད། བརྩམས་སྒྲུང་ཞེས་པ་དོན་སྙིང་ཅན་གྱི་བརྗོད་དོན་ཞིག་མགོ་རྔ་ཚང་ཞིང་གོ་རིམ་གསལ་བ་ཆ་རྫོགས་པའི་གཏམ་རྒྱུད་ཅིག་ལ་སྦྱར་ནས་འབྲི་རྒྱུ་ཙམ་ལ་ངོས་བཟུང་ཡོད། དེ་བས། བརྩམས་སྒྲུང་འབྲི་དུས་འཚོ་བ་ལ་ཕར་གཞོལ་ཆེ་བའི་སྒོ་ནས་གོ་རིམ་གསལ་ཞིང་ཆ་རྫོགས་པ་ལྟ་བུ་ཞིག་བྲིས་ཡོད་ཀྱང་། གོ་རིམ་འབྲི་བའི་ཁྲོད་ཀྱི་འཚོ་བར་སྣང་བ་དེ་དག་ལ་ངེས་པ་དོན་གྱིས་བརྩམས་སྒྲུང་གི་མཛེས་པ་འདོན་ཐུབ་པའི་བྱེད་ནུས་ཡོད་མེད་ཅི་ཆ། ཚད་ཅུང་མཐོ་བའི་རྩོམ་རིག་སྒྱུ་རྩལ་གྱི་བློ་སྦྱོང་མེད་ཚེ་འཚོ་བ་དེ་ལུང་མ་བསྟན་པ་ཙམ་དུ་འགྱུར་ཉེན་ཡོད་ལ། བོད་རྩོམ་བརྒྱུད་རིམ་དང་གོ་རིམ་གསལ་བ་ཅན་མང་བོ་ལ་དེ་ལྟའི་སྐྱོན་བྱུང་ཀྱང་ཡོད།

   དེ་བས། དབྱིན་ཇིའི་རྩོམ་རིག་སྨྲ་བ་ཧྥུའུ་སུ་ཐི་ཡིས་བཤད་པ་ལྟར། འཚོ་བ་དེ་ལ་དུས་ཚོད་ཀྱི་འཚོ་བ་དང་རིན་ཐང་གི་འཚོ་བ་གཉིས་སུ་ཡོད།[②]  དུས་ཚོད་ཀྱི་འཚོ་བ་ནི་ལུང་མ་བསྟན་པ་ཞིག་དང་། རིན་ཐང་གི་འཚོ་བ་ནི་མཚོན་སྟོབས་ཆེ་ཞིང་དོན་སྙིང་ཡོད་པའི་འཚོ་བ་ཞིག་ཡིན་པས། འཚོ་བ་ཡིན་པར་འདྲ་ཡང་གང་ལ་དགོས་པ་ཡོད་པ་དང་མེད་པ་གཉིས་ཀྱི་ཤན་འབྱེད་པ་རྩོམ་པ་པོའི་སྒྱུ་རྩལ་གྱི་བློ་སྦྱོང་ལ་རག་ལས་ཡོད། གལ་ཏེ་རྩོམ་ནང་བྲིས་པའི་འཚོ་བ་དེ་བརྒྱུད་རིམ་གསལ་བྱེད་ཁོ་ན་ཙམ་ལས་གཤིས་ཀ་མཚོན་བྱེད་དང་ཉམས་སྐྲུན་བྱེད་ལ་རམ་འདེགས་མེད་པའམ་ཡང་ན་མཛེས་རྟོག་གི་རིན་ཐང་མེད་པ་ཞིག་ཡིན་དུས། དེས་ཀློག་པ་པོ་ལ་སུན་སྣང་བཟོ་བ་ལས་མཛེས་རྟོག་གི་སིམ་ཚོར་མི་སྦྱིན། <<མི་ལ་རས་པའི་རྣམ་ཐར>>གྱི་སྟེང་ནས་བཤད་ན།ཁོའི་ཆུང་དུས་ཀྱི་བྱ་བའམ་འཚོ་བ་དེ་དག་སྤྱིར་ན་དུས་ཚོད་ཀྱི་གོ་རིམ་ཁྲོད་བྱུང་བའི་ནར་མའི་འཚོ་བ་དག་དག་ཡིན་ཀྱང་།མཐར་མི་ལ་དང་མ་མྱང་ཚ་དཀར་རྒྱན་གྱི་གཤིས་ཀ་ལ་མཚོན་སྟོབས་ཆེ་བའི་རིན་ཐང་ཅན་གྱི་འཚོ་བར་གྱུར་ནས་འདུག་པ་ལྟ་བུ།

   《ང་ཡི་ཨ་ཕ་གཉིས》ཀྱིས་འདིའི་ཐད་ནས་གཙོ་བོ་རྩོམ་ནང་འགོད་རྒྱུའི་འཚོ་བར་གདམས་གསེས་དང་ཞུན་སྦྱངས་གནད་དུ་སྨིན་པ་བྱེད་པ་མ་ཟད།གཏམ་རྒྱུད་ཀྱི་བརྒྱུད་རིམ་གསལ་བྱེད་མ་གཏོགས་སྤྱི་ཚོགས་འཚོ་བའི་ཆ་རུ་མི་འགྱུར་བའི་དགོས་མེད་ཀྱི་ཆ་རྩོམ་ནང་ཡོངས་སུ་འདོར་ཐུབ་པའི་ངོས་གཙང་གི་ལྷུག་རྗོད་ཀྱི་ཐབས་ལམ་ལ་བརྟེན་ཏེ།རྩོམ་ཉིད་ཚགས་དམ་ལ་བསྲི་ཚགས་ཅན་དུ་བགྱིས་ཡོད་པ་རེད།

   བརྩམས་ཆོས་ཀྱིས་ཚན་ཆུང་ལ་ཨང་ཀི་འགོད་པའི་ཐབས་སྤྱད་ཡོད།ཚན་ཆུང་རེ་རེ་ནི་འཚོ་བའི་དོ་ར་རེ་རེད།འཚོ་བའི་དོ་ར་རེ་རེ་ནི་མཚོན་སྟོབས་ཡོད་པའི་དོ་ར་རེ་དང་།ཚན་ཆུང་ངམ་དོ་ར་རེ་རེའི་བར་ན་རུས་སྦལ་གྱི་ནུར་འགྲོས་ལྟ་བུའི་འགྲོས་མེད་པར་མཆོང་ལྡིང་ཡོད་པས།འབྲི་ཐབས་འདིས་བརྩམས་སྒྲུང་གི་དགོས་མེད་ཀྱི་བརྒྱུད་རིམ་ངོ་སྤྲོད་དེར་བསྲིས་ཚགས་ཆེན་པོ་བྱེད་ཐུབ་ཡོད།དེ་བས།རྩོམ་གྱི་སྒྲིག་གཞིའི་ཆ་ནས་ཐུར་དུ་སྤྲོ་བའི་གཏམ་རྒྱུད་ཀྱི་ཆ་དེས་རྩོམ་དངོས་ནས་ཆ་ཉུང་ཟད་ལས་ཟིན་དུ་མ་བཅུག་པར།རྩོམ་ཉིད་འཚོ་བའི་བདག་ཉིད་དུ་གྱུར་བའི་འཕྲོད་དུ་སྤྲོ་བའི་ཆས་བཟུང་ནས་ཡོད།

   འདི་འདྲའི་བརྒྱུད་རིམ་གསལ་བྱེད་ཀྱི་ཆ་ཡི་འདོར་ལེན་དང་སྦེད་བསྐུང་ནི་བརྩམས་ཆོས་ངོས་གཙང་ཅན་དུ་འགྱུར་བ་དང་གཅིག་འདྲིལ་ཅན་དུ་འགྱུར་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ཡིན་ཏེ།ཨ་རིའི་མཛེས་རྟོག་རིག་པ་བ་ཁི་ལེ་ཧྥུའུ·པེ་འར(克莱夫·贝尔)ཡིས་འདི་འདྲའི་ཐབས་ལམ་ལ“སླ་བཅོས”(简化)སམ་སྟབས་བདེ་རུ་བྱེད་པ་ཞེས་ཟེར།ཁོས“སླ་བཅོས་སུ་བྱེད་པ་མེད་ན་སྒྱུ་རྩལ་ནི་ཡོད་མི་སྲིད་དེ།སྒྱུ་རྩལ་བས་གསར་རྩོམ་བྱེད་པ་ནི‘བྲོ་བ་ཡོད་པའི་རྣམ་པ་ཡིན།’ སླ་བཅོས་བྱས་པས་ད་གཟོད་བྲོ་བ་ཡོད་པའི་ཆོས་དག་བྲོ་བ་མེད་པའི་ཆོས་མང་བོ་ལས་དགར་ཐུབ་པ་ཡིན”[③] ཞེས་ཟེར།བོད་ཀྱི་རྩོམ་རིག་གི་བབས་ལ་བལྟས་ཏེ་བཤད་ན།ངོས་གཙང་ཞེས་སུ་བཤད་ན་དོན་ལ་གནས་པ་འདྲ།སླ་བཅོས་ཞེས་ན་གོ་དོན་གཞན་ཞིག་ཏུ་འགྲོ་བས་སོ།།

   ངོས་གཙང་ཅན་དུ་བྱེད་པའི་ལྷུག་རྗོད་བྱེད་སྟངས་འདི་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ལྷུག་རྗོད་བྱེད་སྟངས་ཀྱི་ཐོད་བརྒལ་ཞིག་ཡིན་ཏེ།དེང་རབས་བརྩམས་སྒྲུང་བོད་ལ་ཐོག་མར་དར་དུས་བོད་ཀྱི་བརྩམས་སྒྲུང་གིས་བརྩམས་སྒྲུང་ནི“སྣང་བརྙན་ཅན”དང་“རང་མཚན་ཅན”ཡིན་པའི་གོ་བའི་ངོས་ནས།ཕྱི་དོན་གྱི་འཚོ་བར་ལད་ཟློས་ཇི་བཞིན་པ་བྱེད་པ་མ་ཟད།བརྩམས་སྒྲུང་གི་ཁྲོད་ཀྱི་གཏམ་རྒྱུད་ཀྱང་མགོ་མཇུག་ཚང་བ་གོ་རིམ་གསལ་བ་ཞིག་ཏུ་ལྷུག་རྗོད་བྱེད།ཡིན་ཡང་།དེ་འདྲའི་ལྷུག་རྗོད་ལ་དངོས་སུ་ནས་དགོས་མེད་བརྒྱུད་རིམ་གྱིས་རྩོམ་གྱི་ཆ་བཟུང་བ་དང་།དོན་མེད་ཀྱི་ཡིག་ཚོགས་སྤུངས་པའི་སྐྱོན་ཡོད་པས།ངོས་གཙང་ཅན་གྱི་ལྷུག་རྗོད་བྱེད་སྟངས་ལྷུར་ལེན་པ་འདིས་བོད་ཀྱི་བརྩམས་སྒྲུང་གི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན་ཡོད།

   འདི་འདྲའི་ལྷུག་རྗོད་བྱེད་སྟངས་འདི་ཚེ་རིང་དོན་གྲུབ་ཀྱིས《ང་ཡི་ཨ་ཕ་གཉིས》ཀྱི་ནང་ལྷུར་བླངས་ཡོད་པ་མ་ཟད།《སྨུག་པ》རུ་ཡང་སྤྱད་ཡོད་པས་ན་རྩོམ་དེ་ཡང་ཁྱད་པར་བ་ཞིག་ཏུ་སྣང་ཡོད།

                      གསུམ།

   མཐར་བུ་རེ་བ་ཅན་ལ་རེ་བཞག་ཅེས་པ་ལྟར་ཁོའི་གསར་རྩོམ་གྱི་བསྟན་དོན་གྱི་ཐད་ནས་རང་ངོས་ཀྱི་རེ་བ་ཞིག་འདོན་ན་ནི། ངའི་སྣང་ངོར་ཁོའི་བརྩམས་སྒྲུང་ཕལ་ཆེར་བ་ཞིག་གི་བསྟན་དོན་ནི་ཕྱི་རོལ་ན་གཞི་གྲུབ་ཡོད་པའི་ལོ་རྒྱུས་དང་དངོས་ཡོད་ལ། རྩོམ་གྱིས་བསྐྱར་མཚོན་བྱེད་པའི་ཤེད་ཆེ། མ་གཞིར་དེ་འདྲ་ལ་ལོ་རྒྱུས་ཀྱི་དྲན་པ་གསོ་བའམ་དངོས་ཡོད་ལ་དོ་སྣང་འདྲེན་པའི་དགེ་ཡོད་པ་དང་། ཀུན་གྱི་ཕྱི་ཡུལ་ན་ཡོད་ཅིང་ཡིད་ནའང་ཡོད་པ་གང་ཞིག་ངག་ནས་མ་ཤོད་པ་ཞིག་ཤོད་པར་གྱུར་བའི་དགེ་ཡོད་པ་གདོན་མི་ཟ་ཡང་། དེ་ཉིད་དོན་དག་ཅིག་གི་ངོས་ནས་མ་གཏོགས་དེའི་ཁྲོད་ཀྱི་མི་ལ་རྩོམ་གྱིས་གཟས་མ་ཐུབ་ཚེ། དོན་དག་དང་དངོས་ཡོད་འབྲི་བའི་གོ་རིམ་ཁྲོད་མི་སྟོར་བའི་ཉེན་ཁ་ཆེ་ལ། ལྷག་པར་ཏུ་མི་སེམས་དང་མི་སེམས་ཀྱི་ཟབ་སར་འཇུག་པ་བཏང་སྙོམས་སུ་ཤོར་འགྲོ་བའི་ཉེན་ཁ་ཆེ། 

    བརྩམས་སྒྲུང་ལེགས་ཤོས་ཤིག་ཡིན་ཚེ་ལོ་རྒྱུས་སམ་དངོས་ཡོད་ཀྱི་དོན་དག་གཞི་གྲུབ་པ་ཅིག་བྲི་བ་རྩོམ་གྱི་དགེ་དངོམས་ས་མ་ཡིན་པར། དེ་ལྟར་བྲི་བའི་གོ་རིམ་ཀྱི་ཁྲོད་ནས་མི་ལྟེ་བ་རུ་བཟུང་སྟེ། མིའི་སེམས་ཁམས་ཀྱི་ཟབ་ས་ན་ཡོད་པའི་གསང་བར་སྙོབ་འཛིན་བྱ་བ་དོན་གྱི་སྙིང་བོ་ཡིན།དོན་དག་ལས་འདས་ཏེ་མི་ལ་ལྟ་བ་དང་།  མི་ལས་མི་སེམས་ལ་འཇུག་པ། སེམས་ཀྱི་ཡང་ཕྱི་རིམ་ལས་འདས་ཏེ་ནང་རིམ་ལ་འཇུག་པ་ནི་བརྩམས་སྒྲུང་གི་ཟབ་ཁྱད་འབྱིན་ལུགས་ཤིག་ཡིན།ཐ་ན་སུང་ཧྲོའོ་ཀྲིན་གྱིས“མིའི་སེམས་ཀྱི་གཏིང་རིམ་གྱི་སེམས་ཁམས་ཀྱི་སྒྲིག་གཞི་དང་ཕྱི་རིམ་གྱི་སེམས་ཁམས་ཀྱི་སྒྲིག་གཞི་གཉིས་ལ་ཧེ་བག་ཡོད”[④] ཅེས་ཀྱང་གསུངས་ཡོད་པས་ནང་རིམ་ལ་འཇུག་པ་ཤིན་ཏུ་གལ། 

   འཚོ་བ་དང་མི་ལ་འདི་ལྟར་ལྟ་ཐུབ་པ་ནི་འཚོ་བ་ལ་རང་ཚུགས་ཀྱིས་ལྟ་ཐུབ་པའི་འཇོན་ཐང་ལས་འབྱུང་ལ།འདི་ངེས་དོན་གྱི་རྩོམ་པ་པོ་ཞིག་དང་བོད་རྩོམ་གྱི་མ་གཞིའི་རྣམ་པ་ལ་འཕེལ་རྒྱས་བཟོ་འགྱུར་གྱི་རྩོམ་པ་པོ་ཞིག་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཡིན།འདི་ལས་ད་གཟོད་འཚོ་བའི་ངོས་འཛིན་རང་གཤིས་ཅན་ནམ་ཐུན་མིན་པ་འབྱུང་ཐུབ།ཕྱི་དོན་གཞི་གྲུབ་ཀྱི་ཆ་ལ་གཞོལ་ཆེ་བ་དེ་ཚུར་སྣང་སྨྲ་བའི(反映论)འདོད་ཚུལ་ཞིག་ཡིན་ཀྱང་།དེའི་ཆ་ན་སྐྱོན་གནས་པ་རྩོམ་རིག་སྨྲ་བ་ལིག་ཙེ་ཧྥུའུ་ཡིས་ཡུལ་ཅན་གྱི་འདུ་ཤེས་སྨྲ་བའི་སྒོ་ནས་ཕྱི་དོན་ལས་ཡུལ་ཅན་རྩོམ་པ་པོའི་བྱེད་རྩོལ་གལ་ཆེ་བའི་ལྟ་བ་བཏོན་ཡོད།ང་ཚོར་ཡང་དེ་ལྟའི་རིགས་པ་ཤིན་ཏུ་འཕྲོད་སྙམ།

རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་མཚོན་ན་འདི་ཆེས་དཀའ་བ་ཞིག་མ་ཡིན་སྙམ་སྟེ། ཁོའི་<<སྨུག་པ>>ལས་འདི་འདྲའི་ཆ་ཅུང་གསལ་བོར་མཐོང་ཡོང་སྟེ། བརྗོད་དོན་གྱི་ཐད་ན་ཀུན་གྱིས་ད་དུང་མ་ཚོར་བའམ་ཀུན་ཤེས་སུ་མ་གྱུར་བའི་འཚོ་བའི་ངོས་འཛིན་གསར་བ་ཞིག་རྩོམ་པ་པོས་སྔ་ས་ནས་འཛིན་སྙོབ་བྱས་ཡོད་པས་རེད། དེ་བས་ན་བརྗོད་དོན་གྱི་ཐད་ནས་མ་མཐའ་ཡང་སྔར་བཞིན་གྱི་ཀུན་ཤེས་ལ་ཐོ་འགོད་དམ་བསྐྱར་མཚོན་བྱེད་པའི་རྒྱུན་སྐྱོང་བ་མ་ཟད། ཡུལ་ཅན་གྱི་བྱེད་ནུས་ཆེར་སྤྱད་དེ་ཕྱི་དོན་གཞི་གྲུབ་ལ་ད་དུང་རང་ཉིད་ཀྱི་ཐུན་མིན་ངོས་འཛིན་ཡོང་བར་བྱ་བ་གཉིས་རེ་མོས་སུ་སྤྱོད་ན་རང་ཉིད་ཀྱི་གསར་རྩོམ་དེ་ཕུན་ཚོགས་སུ་འགྲོ་ངེས་སྙམ།

མཆན།

[①]汪政、晓华《自我表达的激情》山东文艺出版社 2004年5月 P18
[②]佛斯特(英)著 <<小说面面观>>花城出版社     1981.7
[③]克莱夫·贝尔 《艺术》 江苏教育出版社 2004年8月 P150
[④]孙绍振 著 《审美阅读十五讲》 北京大学出版社 2015年1月 P34


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།