གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཏོག་ནག་པོ་རྐང་གཅིག

2018-12-05 14:54:24 མི་ལ་ཙི་ཙི། ཀློག་གྲངས། མཆན ཡོད།

                                -----གློག་བརྙན<ང་ཡི་ཆང་གསོལ>དང་དེའི་འཕྲོས་མོལ།

                                    གཅིག

  ལྟོས་ས་ལྟོས་འཇོག་སྒོས་བཤད་ན། ཚོང་ར་ཅན་གྱི་དཔལ་འབྱོར་ཆོས་ཉིད་དུ་འཁོར་རྒྱུག་བྱེད་པའི། རྒྱལ་ཁབ་འདིའི་མཐོ་དམན་བར་མ་གང་ཅིའི་གྲོང་ཁྱེར་གྱི་གློག་བརྙན་ཁང་དུ། འབྲེལ་ཡོད་གཞུང་གི་ཆོག་འཐུས་དང་བཀོད་ཁྱབ་ལྟར་དུས་ཚོད་ཀྱི་བཅད་སོ་གཅིག་གི་ནང་། འུ་ཚོ་བོད་རང་གི་གློག་བརྙན་ལ་བལྟ་ཐུབ་པའི་དགའ་བ་བྲོད་པ་འདི་གཅིག་པུའི་སྒང་ནས་བཤད་ན་ཡང་། རིག་གནས་གསར་པའི་ལམ་ག་འདིར་ཤ་ཐང་རུས་ཐང་སྒོས་འཇུག་པའི། འུ་ཅག་གི་གློག་བརྙན་ལས་ཀ་གཉེར་མཁན་དག་ལ། འུ་ཚོས་ལྷག་བསམ་དར་དུ་འཕྱར་ཏེ་རྗེས་སུ་ཡི་རངས་འབུལ་དགོས་ཡོད་པར་སྙམ། དེ་བས་སྔ་མའི<ཐར་ལོ>ཡིན་ན་འདྲ། <གཙང་པོ>ཡིན་ན་འདྲ། ད་རེས་ཀྱི<ང་ཡི་ཆང་གསོལ་རོགས>ཡིན་ན་འདྲ། དྲྭ་ངོས་ནས་སྤ་སེ་ཉོས་ཏེ་དུས་མ་འཛུར་བར་གློག་བརྙན་ཁང་དུ་ཕྱིན་ཏེ་བལྟས་པ་ཡིན། ལ་ལར་ཅི་ནུས་སྒོས་དུས་ཐོག་དཔྱད་ཕྲན་ཡང་སྤེལ་མྱོང་།

  ཡང་། ཁོ་བོ་ལྟ་བུར་མཚོན་ན། རང་ཉིད་བོད་ཅིག་ཡིན་པས་བོད་ཀྱི་གློག་བརྙན་ཞིག་ཡིན་ཕྱིན་ངེས་པར་བལྟ་དགོས་སྙམ་སྟེ་ཡོད་པའི་ཀུན་སློང་ཁྲལ་ཐོ་འདྲ་ཞིག་འདུག དེ་ལ་ཁ་ནང་དུ་ལོག་ནས་བལྟས་ན། ངས་གློག་བརྙན་དེར་བལྟ་འདོད་དུས། དྲན་པ་འཇོག་ཡུལ་གཙོ་བོ་གློག་བརྙན་དེ་མ་ཡིན་པར། མི་རིགས་ཀྱི་ཁོག་དཔུང་ལ་རྒྱ་འདྲ་བའི་འདུ་ཤེས་སྤམ་མེ་སྤོམ་མེ་ཞིག་གི་སྒང་ན་འདུག དོན་ལ། གློག་བརྙན་དེས་ཐབས་ཤེས་སྣ་ཚོགས་སྤྱད་དེ། རང་རྐང་ནས་བསམ་བློ་དང་སྒྱུ་རྩལ་ཅིག་མཚོན་པར་འདོད་ཡོད་པའི་བསམ་བྱ་རྣལ་མ་དེའི་སྟེང་ནས་བཤད་ན། འདི་ནི་ཧ་ཅང་ཡིད་ཕངས་དགོས་པའི་དོན་ཞིག་ཏུ་འཁུམས་ཡོད་སྲིད། དྲང་མོར་བཤད་ན། སྐབས་དེའི་ཁོ་བོ་ལྟ་བུའི་ལྟོས་བཅོས་ཀྱི་ཀུན་སློང་འཆུས་པོ། ཧ་ལམ་ལར་ཞེན་ཟེར་མཁན་ཀུན་པོའི་བག་ན། སྦྲུལ་ཕྲུག་ཅིག་ལྟར་སྙིང་རྗེ་བོར་འཁྱིལ་ཉལ་བྱས་ཏེ་མེད་མི་སྲིད། ཏན་ཏན་རང་གིས་མ་ཚོར་བ་མ་གཏོགས། དེ་བས་དཔེ་མཚོན་འདི་འདྲའི་སྟེང་ནས་འཕྲོས་ཏེ་བལྟས་ན་ཡང་། ང་ཚོ་བོད་ཀྱི་སྤྱི་ཚོགས་ནི། གནའ་བོ་ལས་གྱེས་ཏེ་རིང་དུ་བསླེབ་ཐུབ་མེད་པའི་སྐྱས་ལམ་གྱི་རུ་སྡེ་ཞིག་ལས། ངེས་དོན་གྱི་དེང་རབས་སྤྱི་ཚོགས་ཤིག་ལ་ཐོན་རྒྱུར། ད་དུང་བློས་མི་དཔོག་པའི་རྒྱང་ཐག་གིས་བར་ཆོད་དེ་ཡོད་པར་ཡང་སྙམ་ཡོང་།

  ཡང་ཁ་ཕྱིར་འཁོར་ཏེ་བལྟས་ན། <ཐར་ལོ>། <གཙང་པོ>། <ང་ཡི་ཆང་གསོལ་རོགས>། <ཆུ་ལྷམ་ཆུང་ཆུང>ལ་སོགས་པར། རྒྱ་ནག་ཙམ་མ་ཟད། འཛམ་བུ་གླིང་གི་གློག་བརྙན་རིག་གནས་ལ་འཇུག་ཡུན་རིང་བའི་སྡེ་ཁག་དང་ཚོགས་སྤྱི། དེ་བཞིན་དེ་དམིགས་སུ་བཀར་ཏེ་ཤིན་སྦྱང་བྱེད་མཁན་འབྲེལ་ཡོད་མཁས་པ་དག་གིས་སེར་སྣ་མེད་པའི་སྒོ་ནས། ང་ཚོ་བོད་རང་ཉིད་བག་ནས་འདྲེས་ཆར་སོང་ཞིང་། ཐ་ན་ཚོར་ཤེས་འཐོམས་པའི་བར་མ་དོ་ན་སྣང་མེད་དུ་བསྐྱུར་ཡོད་པའི་རིན་ཐང་ལྟ་བ་ཞིག ཁོ་ཚང་གི་ཕུགས་ནོར་ལོས་ཡིན་འདྲ་བའི་བཟོ་ནས། བདེན་རྒྱབ་གཞུང་ལུགས་དང་བཅས་ཤ་ར་མ་ར་འདྲེན་སྟངས་འདིའི་ཕྱི་ནང་གསང་གསུམ་ནས་མཐོང་ཐུབ་པ་ནི། བོད་ཀྱི་གློག་བརྙན་དོན་དུ་གཉེར་མཁན་ཚོའི། གློག་བརྙན་བརྒྱུད་དེ་སྤྲོ་བའི་སྨྲ་བརྗོད་བྱེད་སྟངས་གསར་པ་འདིས། ཤ་ཁ་གདོང་བྱད་ལ་ལྟོས་པ་མེད་པར་གཟོད་ནས་ཡིན་ཁྱབ་མཉམ་དུ་མངའ་བའི། ལྷན་སྐྱེས་མི་ཡི་སེམས་དང་འཚོ་བའི་གཏིང་གི་རྩ་བའི་རྒྱུད་སྐུད་གང་ཞིག་ལ། ཏན་ཏན་རེག་ཐུབ་སོང་བར་ཁོ་བོས་ཡིད་ཆེས་བླ་ལྷག་བསྐྱེད་ན་འདོད། དེ་བཞིན། ད་རེས<ང་ཡི་ཆང་གསོལ་རོགས>ལ་བལྟས་རྗེས་ཀྱང་། རང་གིས་བསྙབ་ཏུ་མེད་པའི་ཆེད་ལས་སྒང་གི་བར་སྣང་འོད་ཀྱི་ཨ་ལོང་ཞིག་ལ་འཇུ་བ་མ་ཡིན་པར། བོད་རིགས་ལྟ་མཁན་ཞིག་གི་སྐབས་དེའི་རེ་དོགས་ཀྱི་འབབ་འཛེགས་ལྟར་བྱུང་བའི། ཚོར་སྣང་ཡན་གར་བ་རེ་འགའ་ཁ་གསང་པོར་ལབ་པར་བྱ་ཡི།

                                     གཉིས།

  གློག་བརྙན་ལ་ལྟ་བཞིན་རྟོག་ཡུལ་གྱི་བར་སྣང་བསྟོད་པའི་གོ་རིམ་ཁྲོད། ཏག་ཏག་འཁྲབ་གཞུང་ནི་རྒོད་པའི་གྲིབ་མ་བཞིན་ཁོ་བོའི་དྲན་པའི་བྲག་ཐེམ་ལ་ཡང་ཡང་འཁོར་བ་གཅིག་བྱུང་། དེ་ཡང་གཙོ་བོ་སོ་སོའི་མི་ཚེའི་ཁྲོད་ཡི་གེ་ལ་བག་ཆགས་འཇོག་ལུགས་མང་ཙམ་གྱིས་ཡིན་སྲིད། དེ་མིན་གློག་བརྙན་ངོས་ཐད་ཀྱི་བསམ་བློ་དང་སྒྱུ་རྩལ་མཚོན་ཐབས་ལ། བློ་སྦྱོང་གང་ཡང་སྔུན་ལ་མ་སོང་ན་འོལ་ཚོད་ཀྱི་གཏམ་ཧྲགས་པོ་གཏོང་བ་ཁ་ཤང་ལང་དང་ལམ་རྒྱ་སྒོ་ཡི་དཔེ་རུ་ཟད། ལར་གློག་བརྙན་གྱི་མཚོན་སྟོབས་གང་ཞིག་གིས་ཁོ་བོའི་ཆགས་སྡང་ལ་བརྡབ་གསིག་ཤུགས་དྲག་གཏོང་རུང་། སོ་སོའི་སྣང་བ་རྒྱ་ཡན་ངོས་ཀྱི་ཚོར་ཤེས་ཤིག་ལབ་རྒྱུ་ལས། སྐྱོགས་ཀྱིས་གཏིང་ནས་བཅུ་རྒྱུའི་ཆེད་ལས་ཀྱི་ཆུ་རྫིང་ཡོད་པ་མ་རེད། དེ་ལྟ་ན། ཁོ་བོས་ཡི་གེས་གཏན་ལ་ཕབ་པའི་འཁྲབ་གཞུང་ལ་རྒྱབ་རྟེན་བཅོལ་ནས་གཏམ་རྒྱུད་དེ་གླེང་བའི་ཞོར་དུ། གཟོད། གློག་བརྙན་ལག་ཐབས་ཀྱིས་བསྩལ་གནང་བའི་རང་སེམས་ཀྱི་ཚོར་སྣང་སྣ་རེ་བརྗོད་རྒྱུར་ཡང་ཧུར་པོ་བྱས་ན་འདོད།

  ཡང་སྤྱིར་ན། གློག་བརྙན་འདི་དང་རྣམ་པའི་ངོས་ནས་ཁད་ཉེ་བའི། འཁྲབ་གཞུང་རྩོམ་པ་བོའི་ཡ་གྱལ་བཀྲ་ཤིས་ཟླ་བའི<མི་འཇགས་པའི་ཤམ་བྷ་ལ>། <བོད་ལྗོངས། རྒྱུན་བུ་ལ་མདུད་པའི་རྣམ་ཤེས>ལ་སོགས་ཀྱིས་མཚོན་པའི་བརྩམས་སྒྲུང་གང་མང་མང་དུ། ཁམས་ན་ཡོད་པའི་བོད་པ་གང་ཞིག ལས་ཀྱིས་སྔུན་ནས་འཐེན་ཞིང་དད་པས་རྒྱབ་ནས་དེད་དེ་དབུས་སུ་སྐྱོད་པའི་རྒྱབ་གཟུགས་ཤིག་ཏན་ཏན་མཐོང་ཡོང་། ལྟ་ཡང་ཅི་འཚལ། དེ་ནི་མི་ལོ་སྟོང་གི་བོད་མིའི་བག་ཆགས་ཁྲོད་ཀྱི་ཚི་གུ་རྡོག་རྡོག་པོ་དེ་རེད། ད་ལྟར་ཐུག་གི་བར། དེ་ནི་ཀྲིག་ཆགས་སུ་སོང་བའི་བོད་ཀྱི་སྲིད་པའི་འཁོར་རྒྱུན་ཞིག་ཏུ་གྲུབ་སྟེ་སུ་ཡང་ཐེ་མི་ཚོམ་ན། རྒོལ་མཁན་ནི་ཨ་ཅང་ཅང་། ཐ་ན་ཤར་འཇམ་མགོན་ཙོང་ཁ་བ་ཆེན་མོ་དང། བོད་ཀྱི་ཉི་ཟླ་གཉིས་སུ་འཁུར་བའི་རྒྱལ་བ་པཎ་ཆེན་བཅས། ཏག་ཏག་བས་མཐར་བཅད་པའི་ཁམས་ནས་འཁྲུངས་པ་ཡིན་རུང་དབུས་སུ་ཆིབས་བསྒྱུར་གནང་བ་རེད། དེ་ནི་ལྷ་ས་ནི་བཙན་པོའི་རྒྱབ་རབས་དབུ་བཙུགས་པ་ནས་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་དབུས་སུ་གྱུར་ཅིང་། དེའི་ཁར་ནང་ཆོས་རྩ་བ་བོད་དུ་ཚུགས་པའི་དན་རྟགས་སུ། ཤར་ནུབ་སོ་སོར་བཞུགས་པའི་ཇོ་ཤཱཀ་རྣམ་གཉིས་དབུས་ནས་གདན་འཛོམས་བྱུང་བས། རིམ་གྱིས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་བས་ཀྱང་རེད། དེ་ལྟ་ཇི་ལྟར། ཕྱོགས་ཀྱི་བོད་པ་དག་གིས་ནམ་ཡང་ཐོད་པ་ནུབ་ཀྱི་དབུས་ལ་གཏོད་པ་ལས། ཤར་གྱི་ཁམས་གང་ཞིག་ལ་སྟོན་པ་བརྒྱ་ལམ་ཙམ་དུ་ཟད། ཡང་གཅིག་བཤད་ན། ཐོད་པ་ནུབ་ལ་གཏོད་ལུགས་སམ། ཡང་ན་དབུས་མཇལ་ཟེར་བའི་རིག་གནས་བརྡ་ཆད་འདི། ཏན་ཏན་མདོ་སྨད་སོགས་ཁམས་ཀྱི་སྐྱེ་བོར་ཆེད་དུ་གཏོགས་པ་ལས། དབུས་ཀྱི་སྐྱེ་བོར་འབྲེལ་བ་ཨ་ཅང་ཆེ་བ་མེད་ཚོད་དུ་ཡང་གདའ། “སྟོད་ཉི་མ་ལྷ་སར་སོང་། ཇོའུ(ཇོ་བོ)སེར་པོར་ཐོད་པ་གཏུགས།” “མནའ་བསྐྱལ་བའི་ཤག་པོ་མིན་རུང་། དབུས་ལ་མཇལ་བའི་དབུས་རོགས་རེད།” “རྒྱལ་བ་པཎ་ཆེན་དབུས་ནས་བཞུགས། ཨ་མདོའི་མཇལ་བ་སྨད་ནས་གཤར”ལ་སོགས་པ། བོད་མདོ་ཁམས་དམངས་ཁྲོད་དུ་འབྱམས་པའི་ངག་གི་རྒྱུན་འདི་འདྲ་ལས་ཀྱང་། ས་མཐའི་སྐྱེ་བོ་འདི་རྣམས་ཕྱོགས་མཐའ་སྒོར་མོ་ཀུན་ནས་སྐད་ཅིག་བསྒུག་བཟོད་མེད་པར། རྣམ་པ་ཅི་རིགས་དང་ཉིན་མཚན་ཤར་རྒྱག་གིས། ཅི་སྟེ་ཆུ་ལག་ཆུ་ཕྲན་མཚོ་ལ་འཇུག་པ་ལྟར་དབུས་ཀྱི་ཕྱོགས་སུ་བཞུར་ཏེ། སྲིད་པའི་ལ་ཁའི་སྟོད་ཉི་མ་ལྷ་ས་འདི། དབང་ཆེན་གསེར་གྱི་ས་གཞི་ལ་མ་རེག་པར། ངོ་མཚར་དད་པའི་ཞིང་མཆོག་ཅིག་ཏུ་རྒྱ་གར་རྡོ་རྗེ་གདན་ལྟར་གནམ་ལ་ཟོ་བ་བཞིན་བཏེགས་ཡོད་པ་འདི་ན་ཡང་། ཁམས་ཀྱི་སྐྱེ་བོའི་དད་སྟོབས་དང་དཀའ་ཚེགས་ཀྱི་མཐོང་ཆེ་ཤོས་སུ་སྣང་ཞེས་ལབ་ཀྱང་འགལ་ཆ་ཆེར་མ་མཆིས་སྙམ། དེར་བརྟེན། <ང་ཡི་ཆང་གསོལ་རོགས>ཀྱིས་མཚོན་པའི་གནའ་ནས་དེང་གི་བར་གྱི་ཁམས་ནས་ཆས་པའི་དབུས་ལམ་གྱི་གཏམ་རྒྱུད་ཡོད་རྒུ་ཅོག རང་བཞིན་སྒོས་ཟོ་བ་དེའི་ཞབས་འདེགས་ཀྱི་ཀ་བ་ཁྲི་སྟོང་དང་ཀ་ཞབས་ཀྱི་རྡོ་བ་རྩ་འབུམ་དུ་ཡང་ཁོ་བོས་མཐོང་ན་འདོད།

                                    གསུམ།

  སྨྱུག་ཁ་ཕྱིར་བརྗོད་བྱའི་སྒང་ལ་དཀྱུས་ན། གློག་བརྙན་འདི་ཡང་དེ་འདྲའི་མདོ་ཁམས་ཡུལ་ནས་ཆས་པའི། དབུས་མཇལ་དམ་ཡང་ན་དབུས་ལམ་གྱི་གཏམ་རྒྱུད་རྩི་རྩི་གྲངས་མེད་ཁྲོད་ཀྱི་གཅིག་ཅིག་རེད། འདི་ལ་མཚར་རྒྱུ་ཅང་མེད། གལ་ཆེ་ཤོས་ནི། རང་བཞིན་སྒོས། གཏམ་རྒྱུད་ཅི་ཞིག་བཤད་ཀྱི་སྟེང་ན་མེད་པར། ཇི་ལྟར་བཤད་དམ། ཡང་ན་ཇི་ལྟར་འཁྲབ་ཁྲིད་བྱེད་པའི་སྟེང་ན་ཡོད་ཤག་རེད། ཏག་ཏག་འདི་ནས། འཁྲབ་གཞུང་གི་རྩལ་དེ། འཁྲབ་ཁྲིད་མཁན་གྱི་སྒྱུ་མ་འདྲ་བའི་ལག་ཐབས་ལ་བརྟེན་ཏེ། ཤེས་མེད་ཚོར་མེད་ངང་ཁོ་བོ་ལྟ་བུའི་ལྟ་མཁན་གྱི་དྲན་པའི་རྫིང་ལ་ཁ་བ་བཞིན་སིམ་སིམ་བབས་ཏེ་སེམས་ཀྱི་ཕྱེད་ཀ་བརླན་གྱིས་བཟུང་སོང་།

  དེར་ཡང་། <གཙང་པོ>དང་སྔ་མའི<དབུས་ལམ་གྱི་ཉི་མ>དང་འདྲ་བར། ཟོན་ཐར་རྒྱལ་ལགས་ཀྱི་ད་རེབ་ཀྱི<ང་ཡི་ཆང་གསོལ་རོགས>ཀྱང་། མི་སེམས་ཀྱི་བར་དུ་མི་འདོད་རྐྱེན་གྱིས་གས་ཏེ་ཡོད་པའི་ངམ་རོང་ཞབས་མེད་དེ་ལ། མིའི་བརྩེ་གདུང་གི་གཉོམ་སོ་ན་མངོན་ཆུང་སྒོས་སྐུང་བའི་མཉེས་གཤིན་གྱི་ནེམ་ཐིགས་འཛར་ཅིང་འཛག་པས། མཐར་ཐུག་མུན་པའི་ཀློང་གི་འཕྲང་རིང་དེ་གཙང་ཞིང་སྣུམ་པའི་འོ་མ་ཟོམ་ཆེན་གང་དུ་དཀར་མེར་གྱིས་ལྟེམ་ཡོང་བའི་སྒྲུང་རེད། འདི་ནི་རྩོམ་རིག་གི་གཤོག་པ་གཡས་པའི་ལོགས་སུ། གློག་བརྙན་གྱི་གཤོག་པ་གཡོན་པ་བཙུགས་པས། གཏམ་རྒྱུད་དེ་སྐད་ཅིག་མར་སྦས་ལུང་གི་སྟོང་འཇགས་ལས་ཐོལ་གྱིས་ཡར་ལྡང་སྟེ། རོ་བྲོ་སྙོམ་པའི་མི་སེམས་ཀྱི་བར་སྣང་དུ་ལྷོད་ལྕུག་ལྕུག་འཕུར་ཡོང་ཚུལ་ཡང་རེད། དེ་བས། འདི་རྣམས་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ཁོ་རང་ཉིད་ལ་གཏོགས་པའི། གློག་བརྙན་སྒྱུ་རྩལ་གྱི་ཁ་རིས་གདོང་གཤིས་ཤིག་ཏུ་རིམ་གྱིས་ཆགས་བཞིན་པས། ལྟ་མཁན་ཞིག་གི་ཆ་ནས། སྔར་མུས་ཇི་ལྟ་དེ་ལྟར། གཏམ་རྒྱུད་ཆུང་ཆུང་ལས་བསམ་གཞིགས་ཆེན་པོ་སྟེར་བའི་ལམ་ག་འདི་བསྐྱང་རྒྱུར་ཡང་རེ་བ་འཛིན།

  གློག་བརྙན་དངོས་སུ་མ་གླེང་སྔུན་འདིར། ཚིག་གི་སྐས་སྟེགས་འདི་འདྲ་ཞིག་ཀྱང་གཟུག་དགོས་བྱུང་། དེར་ཡང་ཇི་སྐད་དུ། འཇིག་རྟེན་བྱ་བ་བདས་པས་མི་ཟིན་བཞག་པས་ཟིན་ཟེར་བ་གཅིག་འདུག འོན་ཀྱང་། ལོ་ཟླའི་གཙང་པོས་ཁྱེར་ཞིང་འཁྱེར་གྱིན་པའི་མི་རྣམས་ལ་མཚོན་ན། གཙང་པོའི་འགྲམ་ངོགས་སུ་བུད་དེ་ངལ་གསོ་ཕྲན་ཙམ་རྒྱག་པའམ། ཡང་ན། དྲན་པའི་རྩིས་ཀྱིས་ཟིན་པའི་སྒོ་ནས་ཕྱི་མིག་ལན་ཅིག་བལྟ་བའི་ཁོམ་པོ་ཧ་ལམ་ང་ཚོར་མེད་ཚོད་རེད། དེ་བས་འུ་ཚོས་དུས་རྒྱུན། རང་ཉིད་གཞི་བདག་གི་མི་ཁོམ་པའི་འཁོར་ནས་སྐྱེས་པ་བཞིན། ཉིན་རེར་ལྕགས་ཀྱི་ལྭ་རེ། མཚན་རེར་ལྕགས་ཀྱི་ལྷམ་རེ་འཛད་ཀྱིན་ཡོད་ཅེས། འགྲུབ་དུས་ཡེ་མེད་ཀྱི་བྲེལ་ཟིང་དམར་ནག་དེ་དཔེའི་ལམ་ནས་བཤད་རྒྱུར་དགའ། འོ་ན། དོན་ངོ་མར་ང་ཚོ་ཅི་ཙུག་གིས་ད་གཟོད། རང་དབང་མེད་པར་ཁོམ་དུ་བཅུག་སྟེ་གཙང་པོ་དེའི་འགྲམ་དུ་འཕུད་པ་རེད། དེ་རུ་ངལ་གསོ་ཕྲན་བུ་རྒྱག་ཏུ་འཇུག་པ་རེད། དེའི་འཕྲོར་ཕྱི་མིག་ལན་ཅིག་ཀྱང་བལྟ་རུ་འཇུག་པ་རེད། ལྟ་ཡང་ཅི་འཚལ། དེ་ནི། གཤིན་རྗེའི་ཁྲམ་ཤིང་གིས་ཐེབས་ཏེ་འཆི་བའི་ཚིགས་སོ་ལ་སླེབས་པའི་དུས་ཚོད་དེ་ཀོ་རེད།

  དེ་བས། ཚེ་སྲོག་གི་བཟློག་མེད་གཉུག་མའི་ལས་དབང་ངམ་ཆོས་ཉིད་འདི། གཏམ་རྒྱུད་མགོ་བརྩམས་མ་ཐག་ནས། མི་སྣ་གཙོ་མོའི་གཉའ་བར་ཅམ་གྱིས་བཞག་པ་འདིས། གཏམ་རྒྱུད་ཧྲིལ་པོ་འགྲོས་འཚུབ་ཅིང་ཚགས་གྲིམ་པ། བབ་ལྕི་ཞིང་ཁམས་འཁྲུག་པོ་ཅན་གྱི་ཁོག་འབུབས་ཤིག་ཏུ་བརྒྱངས་མེད་ལོས་ཆེ། དེར་བརྟེན། འཁྲབ་གཞུང་དང་གློག་བརྙན་གང་ལ་མཚོན་ན་ཡང་། གཏམ་རྒྱུད་འཕེལ་རིམ་གྱི་འཕལ་ཀ་སྤྲོད་ལུགས་ཐད་ལ་དཀའ་ཚེགས་ཅི་བས་ཆེ་སྙམ། དེའི་རྒྱུ་མཚན་ཁ་འཁྲོལ་པོར་བཤད་ན། ཁྱོད་ཀྱིས་མི་སེམས་ཀྱི་གཉུག་གཤིས་དང་ཚེ་སྲོག་གི་གཏིང་རོལ་ལ་སྐད་ཆ་གང་ཞིག་ཤོད་རྩིས་བྱས་སོང་བས་སོ། །

                                   བཞི།

    ཤོ་གདན།

 གཏམ་རྒྱུད་ཀྱིས་ཐོག་མར། རྒྱལ་རོང་གི་དུད་ཚང་ཕལ་བ་ཞིག་གི་མི་ཚེའི་ལས་དབང་ཉི་ཚེ་བའི་ཤོ་གདན་གྲུ་བཞི་ཞིག་དཔར་བ་རེད། ཤོ་གདན་དེ་ལ་ཆད་པར་གྱུར་བའི་འཕྲེད་ཐིག་གཉིས་དང་། ཡོ་བར་གྱུར་བའི་གཞུང་ཐིག་གསུམ་ཡོད། སྔ་མ་གཉིས་ནི། ཁྱོ་ག་འདས་པོ་དང་ཆུང་མའི་སྦྲེལ་ཐིག་དང་། ཨ་ཕ་འདས་པོ་དང་བུ་ཡི་སྦྲེལ་ཐིག་རེད། རྗེས་མ་གསུམ་ནི། བསྐྱར་གཉེན་བསྒྲིགས་པའི་ཨ་མ་དང་བུ་ཡི་སྦྲེལ་ཐིག སེམས་ན་ད་དུང་ཁྱོ་ག་འདས་པོ་ཡོད་པའི་ཆུང་མ་དང་ཁྱོ་ག་རྗེས་མའི་བར་གྱི་སྦྲེལ་ཐིག ཁྱོ་ག་འདས་པོའི་བུ་དང་ཁྱོ་ག་རྗེས་མའི་བར་གྱི་སྦྲེལ་ཐིག་བཅས་རེད།

  བལྟས་པ་ཙམ་གྱིས། འཚོ་བའི་སྐྱིད་སྡུག་གིས་འཚེམ་བུ་བྱས་ཤིང་མི་ཚེའི་རེ་དོགས་ཀྱིས་ལྷན་པ་བརྒྱབ་པའི་ཤོ་གདན་གྲུ་བཞི་འདི། འུ་ཚོར་ཅི་བས་རྒྱུས་མངའ་ཆེ། དེ་བཞིན་འུ་ཚོར་ཅི་བས་ཐབས་ཀྱིས་སྟོངས།

  ཡང་། འདི་ལྟའི་ཁ་ཡོ་སྣ་ཆད་དུ་སོང་བའི་ཤོ་མིག་ཅིག འཁོར་བའི་ཁང་ཆུང་གང་གི་ལྷགས་རླུང་ཁ་ཆར་འགོག་ཐུབ་པའི། གྲུ་བཞི་ལྷུ་བཞི་ནས་ཕྱི་གསལ་ནང་གསལ་དུ་ཡོད་པའི་དྲ་མིག་ཅིག་ཏུ་གསོ་བཅོས་རྒྱག་པའི་འགན་འཁྲི་དང་ཁུར་གདོས། ཏན་ཏན། ཐོག་སྣོལ་འོག་རྡེབ་ཀྱི་འབྲེལ་བ་རྙོག་འཛིང་འདིའི་ཁྲོད་ཀྱི་བུད་མེད་གཅིག་པུའི་ཕྲག་ལ་བབས་སོང་། འདི་ནི་རྐང་གཟས་པའི་བཀོད་སྒྲིག་རེད་དམ་གཡོལ་མེད་ཀྱི་བསྐོས་ཐང་རེད། ཁོ་བོས་བསམས་ན། འདི་ལ་འཁྲབ་གཞུང་དང་གློག་བརྙན་གཉིས་ཀས་ལན་ལྡོན་རྒྱུ་དཀའ་ཚོད་རེད། དེ་ལྟར། རུ་ངར་ཞིབ་ཚགས་སྒོས་བལྟས་ན། འབྲོག་པའི་ལུག་ཕོ་རྭ་བཞིའི་རྭ་ཅོ་ལྟར། ཨུ་ཚུགས་ན་སོ་སོར་མཁྲེགས་རེང་ངེར་སྦྲེང་ཡོད་པའི་སྐྱེས་ཕོ་དེ་གསུམ་གས། མངོན་དང་གསང་བའི་ལམ་བུ་ཅི་རིགས་བརྒྱུད་ཀྱིན། སྒེར་ཞེན་གྱི་བརྩེ་བའི་མིང་ཐོག་ནས་སྐྱེས་མ་འདི་གཏན་ནས་གུ་ཡངས་སུ་གཏོང་གིན་ཡོད་པ་མ་རེད། འོན་ཀྱང་། སྐྱེས་མ་དེས། ལུམ་ལུམ་འཁོལ་བའི་སྡུག་གི་མཆི་མ་དང་ལྷན་ཅིག་ཁོག་ལ་བཅུག་ཡོད་པ་ནི། རུས་པའི་ངོས་སུ་ཤ་དང་ཁྲག་གི་རྩི་ཇི་ལྟར་འབྱར་ཡོད་པའི། མི་ཚེའི་ཁྲོད་ཀྱི་སྐྱེས་ཕོ་དེ་གསུམ་པོར། རང་སེམས་གསང་བའི་གཏིང་རོལ་ནས། བརྩེ་གདུང་གིས་འཁྱུད་ཡོད་པའི་ཞིང་ཆུང་ཁ་གང་རེ་འདྲ་མཉམ་དུ་བགོས་ཡོད་པ་རེད། དེ་བཞིན། ཆ་གཅིག་ནས་བཤད་ན། གཏམ་རྒྱུད་འདི་ནི། སྐྱེས་མ་གཅིག་གིས་སྐྱེས་ཕོ་གསུམ“བསྐྱབས”པ་བརྒྱུད། མཐར་ཐུག་རང་ཉིད“བསྐྱབ”ཐུབ་སོང་བའི་སྒྲུང་ཞིག་རེད། འདི་ལ་ཀུན་བཟང་བླ་མའི་སྔོན་འགྲོའི་ཁྲིད་ཡིག་ནང་རྫ་དཔལ་སྤྲུལ་ཚང་གིས། “ལུག་རྫི་ལྟ་བུའི་སེམས་བསྐྱེད་ཅེས”བརྗོད་ཡོད་འདྲ། ལར་ཁོང་མོ་ནི་འགྱོད་དང་བཤགས་པའི་དབུས་ལམ་རིང་མོ་དེ་ནས། ཁེར་རྐྱང་གི་ཅོག་གུར་མགོ་ལ་ཕུབ་པའི་ཟངས་ཀོང་སེར་པོ་ཞིག་ལས་མེ་ཏོག་ནག་པོ་རྐང་གཅིག་ཏུ་བཞད་སོང་བ་རེད་ཨང་།

  ང་ཚོའི་ཨ་མ་དེ། ང་ཚོའི་ཆུང་མ་དེ། ང་ཚོའི་སྲིང་མོ་དེ། ང་ཚོའི་གཞིས་ཁྱིམ་གྲུ་བཞི་གླིང་བརྒྱད་འདི། ཤ་ཁྲག་རུས་པའི་བརྩེ་གདུང་གི་སྒྱེད་པུའི་མགོ་ལ་བསྐྱོན་ཏེ་སྲོ་མཁན་གྱི་རླབས་ཆེ་བའི་བོད་ཀྱི་སྐྱེས་མ་དེ། ད་ནི་བདེ་བ་ཅན་ལ་བསླེབ་ཡོད་པར་གསོལ་བ་སྙིང་ནས་འདེབས།

       ཤོ་རྡེའུ།

  མི་ཆོས་ཟེར་ན་འདྲ། འཁྲབ་གཞུང་ཟེར་ན་འདྲ། གློག་བརྙན་ཟེར་ན་འདྲ། སོ་སོས་ཕུགས་རྡིག་ལྟ་བུའི་ཐབས་དང་ཤེས་རབ་རྩལ་དུ་བྲེས་ཏེ། བཞམས་དང་གོ་བསྐོན་སྒོས་མི་རྣམས་ལ། འཚོ་བའི་སྐྱིད་སྡུག་གི་ལག་པ་ནས་མི་གློད་པར་མི་ཚེ་སྙིང་པོ་ཅན་དུ་རོལ་རྒྱུར་སྐུལ་མ་གདབ་ཕྱིར། འཕྲེད་ཐིག་ཆད་པོ་གཉིས་དང་གཞུང་ཐིག་འཁྱོག་པོ་གསུམ་གྱིས་གྲུབ་པའི་ཤོ་གདན་འདི། སླར་ཡང་། འཁོར་བའི་ཁང་ཆུང་ལྡེབས་ཀྱི་ཉི་འོད་ཡོང་སའི་སྒེའུ་ཁུང་ཁ་གཙང་ཞིག་ཏུ་བཅོ་དགོས་པ་བགྱི་འོས་ལས་ཀྱི་དང་པོ་རེད། ཡང་། དེ་འདྲའི་ཤ་འཐག་སྤྱད་པང་ལེབ་བཞིན་རྨས་ཚབས་ཆེ་བའི་འཚོ་བའི་ངོས་ཤིག ངོ་བོའི་ཆ་ནས་སྔ་མ་འདྲ་ཞིག་འཁྱོང་དགོས་ན། རྣམ་པའི་ཕྱོགས་ནས་རང་ག་བ་ལས་འགོངས་པའི་ཐབས་ཤིག་འཚོལ་དགོས་པ་སྨོས་ཅི། སྐབས་དེར། རེ་དོགས་ཀྱི་གདགས་སྲིབ་བར་ནས་ཤོ་རྡེའུ་ནག་པོ་དེ་འགྲིལ་ཡོང---འཆི་བ། ཡང་མཐུ་དང་སྟོབས་ལ་འགྲན་ཡ་མེད་པའི་སྲིད་པའི་བླ་མེད་ཆོས་ཉིད་འདི། གླུ་བྲོ་ཕལ་བ་ལྟ་བུའི་དུངས་བརྗོད་ནས་མཚོན་ཐབས་གཞར་ཡང་ཅི་མཆིས། འོན་ཀྱང་། ཏག་ཏག་རྡེའུ་དེ་ཆོ་མེད་པའི་མཁྲེགས་སྲོལ་གྱི་ཕོར་གོག་ཅིག་ཏུ་མི་ལྷུང་བར་མ་ཟད། མངོན་པར་འཕགས་ལ་བཀྲི་བའི་རྡེའུ་དཀར་དཔེ་མེད་ཅིག་ང་ཚོར་རང་ཆས་སུ་ཡོད་པ་དེ་གྲོགས་སུ་སྦྲན་ཆོག--དབུས་མཇལ། འོན་ཀྱང་། མགོ་ནས་གླེང་སོང་བ་ནང་བཞིན། དབུས་མཇལ་ནི་མདོ་ཁམས་ཀྱི་སྐྱེ་བོར་མཚོན་ན་ནི། ཉིན་རྒྱུན་སོ་ཚིས་བར་གོམ་སྲོལ་དུ་སོང་གཤིས་ལར་ནས་ཧ་ལས་དགོས་དོགས་ཅི། དེ་བས་གཏམ་རྒྱུད་ཉན་པ་བོའི་དང་བ་ཡང་འདྲེན་ཐུབ་ས་མ་རེད། དེར་བརྟེན། རྒྱུ་དེ་ལ་རྐྱེན་ཁྱད་པར་བ་མཚོན་བྱེད་རྡེའུ་གཞན་གཅིག་བཙལ་དགོས་སོང་། དེ་ནི། གློག་བརྙན་མགོ་བརྩམས་མ་ཐག ནམ་གུང་གི་ཆར་མི་སྣ་གཙོ་མོས་ངུ་ཤུམ་རྒྱག་ཅིང་། དེར་མཐུད་ཚ་གསུར་འཕུད་པ། ཕྱི་ཉིན་ལྷ་སར་འགྲོ་ཐག་བཅད་ཅིང་། དེར་མཐུད་ཕ་མའི་ཁྱིམ་དུ་ལོག་ནས་ཐོག་ཁའི་རྩིག་སྲུབས་ལས་སྒྲོམ་བུ་ཞིག་བཏོན་ཏེ་མིག་ནང་སྐྱོ་སྣང་གིས་ཁེངས་པ་ལ་སོགས་ལས། ཁོ་མོ་དབུས་ལམ་ལ་ཞུགས་དོན་རང་གཅིག་པུའི་ཕྱིར་མིན་པར། མི་མངོན་གཏིང་ན་གསང་བ་གཞན་ཞིག་བསྐུངས་ཡོད་པ་ཧ་ཅང་གསལ། འདི་ནི་གློག་བརྙན་གྱི་འཕེལ་རིམ་ལྟར་རྟོགས་ཐུབ་ཅིང་། དང་ཐོག་མཐོང་དུ་མེད་པའི་ཤི་གསོན་བར་གྱི་ཤོ་རྡེའུ་ཁྲ་བོ--ཁྱོ་ག་འདས་པོའི་མ་འགྲུབ་པའི་སེམས་འདུན་དེ་རེད། མ་ཟད། མི་སྣ་གཙོ་མོའི་དབུས་མཇལ་གྱི་རྐྱེན་དུ་ཁྲིག་གེར་བབས་སོང་། མཚམས་འདིར། གཏམ་རྒྱུད་འཆད་ལ་མཁས་པ་དེའི་བློ་གྲོས་ཀྱི་ཁུག་མའི་ནང་ན་ཅི་ཞིག་གིས་མཆོང་ལྡིང་རྒྱག་གིན་པ་མཐོང་རུང་། བྱེ་བྲག་དེ་གང་ཞིག་ཡིན་པ་ཚད་ཀྱིད་མི་ཐིག་པས། ཉན་པ་བོའི་རྣ་བ་ཀྱོར་སེར་སོང་ཡོད་ཚོད། འདི་ནི་རྩལ་རེད། འཁྲབ་གཞུང་དང་གློག་བརྙན་ཉིས་ཆའི། མ་ཟད། མངོན་ལྐོག་གང་རུང་གི་ཤོ་རྡེའུ་དཀར་ནག་ཁྲ་བོ་འདི་གསུམ་བསྒྲིལ་ཚར་དུས། གཏམ་རྒྱུད་ཀྱི་གཞི་ཧ་ལམ་བཏིངས་ཟིན། འོན་ཀྱང་ག་རེ་འབྱུང་རྒྱུ་ཡིན་པ་ང་ཚོར་འདྲི་སའི་ཡུལ་མེད། དེའི་རྒྱུ་མཚན་ནི། འུ་ཚོའི་མི་སྣ་གཙོ་མོ་ནི་རྒྱལ་བུ་བདེ་སྤྱོད་བཟང་པོའི་རྣ་བར་ཞུགས་པའི“ཁ་མི་གྲག་པའི་བུ་མོ”དེ་རེད། རྨ་ཁ་ཚིལ་གྱིས་གཅོད་མཁན། ཤི་མདའ་ཁོག་ལ་འཇུག་མཁན།

       ཤོ་འཕེན།

  ཉིས་སྟོང་བཅོ་ལྔ་ལོར། ཁོ་བོས་རྐང་འཁོར་བཞོན་ཏེ་ཆོལ་གསུམ་བོད་ལ་གནས་སྐོར་ལན་ཅིག་བརྒྱབ། དེ་རུ། སྤྱིར་བཏང་དབུས་མཇལ་བོད་མིས་གུད་དུ་བསྐྱུར་ཏེ་ཡོད་པའི་ཤར་རྒྱལ་མོ་ཚ་བ་རོང་དང་། ཧི་མ་ལ་ཡས་བསྐོར་བའི་སྟོད་མངའ་རས་སྐོར་གསུམ། བོད་ཀྱི་མཚོ་ཆེན་བཞི་དང་ཁ་འབབ་བཞི་ལ་སོགས་པ་ཡང་འདུ། ཁོ་བོས་བཤད་འདོད་པ་ནི། ཕྱོགས་བཞིའི་ཁམས་ཀྱི་སྐྱེ་བོ་རྣམས་ཀྱིས་བྱིས་པ་རུམ་སྟེ་རྐང་ཐང་གིས་སམ། རྒན་རྒོན་ཤིང་རྟར་དྲུད་དེའམ། ནང་སྒོས་བརྐྱངས་ཕྱག་གིས་ས་ཆེན་འདོམ་གྱིས་འཇལ་གྱིན། ཉིན་རྒྱབ་ཟླ་དང་ཟླ་རྒྱབ་ལོ་ལ་བརྩིགས་ནས་དབུས་མཇལ་དུ་འགྲོ་བའི་རྣམ་པ་དེ་དཔྱད་དུ་མི་བཟོད་པ་ཞིག་རེད། བརྗེད་ཀྱང་ག་ལ་བཏུབ། དོན་ལ། དེ་དག་རེ་རེའི་རྒྱབ་ན“ང་ཡི་ཆང་གསོལ་རོགས”རེ་རེ་བསྐུངས་ཏེ་མེད་མི་སྲིད། གཞན་མ་བཤད། ང་རང་ཉིད་ཀྱང་སེམས་ཀྱི་མུ་མེད་ངམ་ཐང་ཞིག་ནས་ཁྲུང་ཁྲུང་མགོ་འཁོར་ཇི་ལྟར་ཡུན་རིང་ལུས་སོང་བས། ཁ་བ་ཐོད་དུ་བཅིངས་ཤིང་རླུང་བུ་རྒྱབ་ཏུ་གྱོན་ནས་རི་ཆུ་ཁྲི་སྟོང་གཡས་ནས་གཡས་སུ་བསྐོར་ཏེ་ཕྱིན་པ་ཡིན། འདི་ཡང་། ང་རང<ང་ཡི་ཆང་གསོལ་རོགས>དང་དབུགས་ཀྱི་འབྱིན་རྔུབ་ལྡེམ་པོ་གཅིག་ཏུ་འབབ་པའི་རྒྱུ་མཚན་དུ་འགྲོ་སྲིད།

  འདི་ནས་སྐད་ཆ་ཕྱིར་མི་སྣ་གཙོ་མོའི་སྟེང་ལ་འབེབས། རོ་དངོས་གྲུབ་ཅན་གྱི་ངག་ལས་ཡོང་བའི“ཁ་མི་གྲག་པའི་བུ་མོ”འདིས། ཤར་རྒྱལ་རོང་མཐིལ་གྱི་རང་ཁྱིམ་གྲུ་བཞིའི་སྒོ་ཁ་ནས་ཁུ་སིམ་མེར་སྟོད་ཉི་མ་ལྷ་སའི་ཕྱོགས་སུ་བརྐྱངས་ཕྱག་དང་པོ་འཚལ་དུས། རྒྱུས་མེད་ཅིག་གིས་བལྟས་ན། དེ་ལྟར་ཡ་ཡུད་ཆེ་བའི་ཀྱལ་ཀའི་བསམ་སྦྱོར་ཅིག་དང་འདྲ་ལ། ཐ་ན། རང་སྣང་རྩིས་ཀྱིས་མ་ཟིན་པའི་ཧོལ་སྤྱོད་ཡ་མ་ཟུང་ཞིག་མིན་པ་ཡང་མ་རེད། འོན་ཀྱང་། ཏན་ཏན་འདི་ལྟ་བུའི་བལྟས་མདོག་མེད་པའི་འགུལ་སྐྱོད་སྙོམས་ཆུང་ཞིག་གིས། ཚེ་འདི་ཕྱི་གཉིས་ཆར་སྡུག་གིས་མནར་ཏེ“འཚོ”བའི་སྐྱེས་ཕོ་མོ་བཞི“བསྐྱབས”སོང་བ་རེད། འདི་ནི། ཤོ་གདན་གྲུ་བཞི་འདིའི་སྒང་ལ་ཤོ་རྡེའུ་འཕེན་ལུགས་ཐོག་མ་དེ་རེད། མ་ཟད། འཕངས་པ་ཇི་འདྲའི་གནད་དུ་གཟུ། མཐའ་གཅིག་ཏུ་བཤད་ན། འདི་ནི་རྩོམ་རིག་དང་སྒྱུ་རྩལ་གྱི་མཐུ་སྟོབས་རེད། འདི་འདྲའི་མཐུ་སྟོབས་ནི། ཁ་ཧམ་ཅན་གྱི་ཐོ་ཅོ་འགྲགས་འགྲགས་པོ་དང་དབང་ཤེད་ཅན་གྱི་དཔུང་པ་རྩུབ་རྩུབ་པོ་དང་ཁྱོན་ནས་འདྲ་ཐབས་མེད། དེ་ནི་གངས་རྡོ་ཡི་གཏིང་དུ་ད་བྱིད་ཀྱི་ཚི་ལུ་ཐིམ་ཚུལ་རེད། ལྷིང་འཇགས་ཁྲོད་ནས་རྡོ་རྗེའི་དམྱལ་བ་འབིགས། ཁ་ཆུ་བྲན་ནས་བསྐལ་བའི་མེ་ལྕེ་འཇིལ།

  དེར་ཡང་། འཚོ་བའི་དགའ་སྡུག་རྩག་རྩིག་གི་ངོས་ནས་ཡར་ལ་ཐོལ་གྱིས་འཕགས་ཏེ། མི་སེམས་ཀྱི་འདུན་མས་བཞེངས་པའི་ཞིང་ས་དེར་རྩལ་གྱིས་འཕུར་དགོས་ན། ཤོ་རྡེའུ་ཐེངས་དང་པོར་འཕེན་ལུགས་དེས། ད་རུང་མཐའ་མའི་དཔང་བསྟོད་འགྲུབ་ཡོད་ཚོད་མ་རེད། དེ་བས། ལས་ཀྱི་མཁན་པོས་ཤོ་རྡེའུ་ཐེངས་གཉིས་པ་འཕངས། ཤོ་མིག་བརྩིས་པས། ད་རེབ་ཁོ་མོ་དབུས་མཇལ་གྱི་ལམ་ནས་ཚེ་ལས་འདའ་དགོས་པ་དེ་རེད། འོན་ཀྱང་། རྩོམ་རིག་གི་སྐད་ཆས་བཤད་ན། འདི་ནི་ཁོ་མོའི་ཞེ་རུས་དང་དད་མོས་ཀྱིས་མ་ལྡེང་བ་མིན་པ་གསལ་ཐིང་རེད། ཐ་ན། གྱེན་རྫོག་མེད་པའི་ནད་དང་འཆི་བ་ལ་ཡང་འཁང་ར་དང་ལེ་ཁག་དཀྲི་རྒྱུ་ལར་ནས་མ་མཆིས། དེའི་རྒྱུ་མཚན་བཤད་ན། རྣམ་པ་ཐ་དད་རུང་ངོ་བོ་གཅིག་ཏུ་སོང་བའི་འཁྲབ་གཞུང་དང་གློག་བརྙན། དེ་བཞིན་མི་སྣ་གཙོ་མོ་བཅས་ཀྱིས་གྲུབ་པའི། ངོས་གསུམ་ཁ་དོག་སུམ་ལྡན་གྱི་སྣལ་མའི་འཕང་བུ་ཟུར་གསུམ་འདིས། སྔོན་ལ་དཔར་ཟིན་པའི་ཤོ་གདན་སྒང་གི ཆད་པར་གྱུར་བའི་འཕྲེད་ཐིག་གཉིས་དང་ཡོ་བར་གྱུར་བའི་གཞུང་ཐིག་གསུམ་པོར། ཆེས་མཐའ་མའི་གསབ་སྐོང་དང་འཐེམ་གསོ་བགྱི་ཕྱིར་རེད། ཉིང་སྒོས་སུ་བཤད་ན། འཇིག་རྟེན་དཀར་ངོགས་ན་ལུས་ཏེ་ཡོད་པའི། བུ་དང་ཁྱོ་ག་རྗེས་མའི་བར་གྱི་འཁྱོག་ཐིག་དེ་སོ་སོའི་སེམས་ཀྱི་ཧྲལ་དུ་དྲང་ཤ་ལེར་ཡོ་བསྲང་བྱ་བའི་ཆེད་རེད། དེ་བས། རླུང་དང་གྲང་ངར་ཁྲོད་ན་ལུས་ཏེ་ཡོད་པའི་ཤུལ་གྱི་དབུས་ལམ་དུམ་ཚིགས་དེ། རྐང་བཙུགས་ནས་ཁོ་གཉིས་ཀ་གཅིག་པུར་བསྐྱུར་བ་རེད། ཟུར་ངོས་འདི་ནས་བལྟས་ན། མི་སྣ་གཙོ་མོ་མཚམས་འདི་ནས་འདས་པ་ཚེ་ཚད་རྫོགས་སོང་བ་མིན་ཡང་ཆོག་མོད། བཀྲ་ཤིས་ཟླ་བའི་བརྩམས་སྒྲུང་གཞན་ཞིག་སྟེ། <ལྷ་སར་འགྲོ་བའི་ལམ་སྐབས>ནང་གི་ཤ་འཁོན་གྱི་ཕྱིར་ཕན་ཚུན་སྲོག་གི་གཤེད་དུ་ཆད་རུང་། མཐར་ཐུག་དྲེད་མོང་དེ་དང་འཛིང་དུས། དཔུང་པ་གཤིབ་སྟེ་ཕན་ཚུན་སྲོག་གིས་བསྐྱབ་ཡུལ་དུ་གྱུར་ནས་མཉམ་ཤི་བརྒྱབ་པའི། རྒྱ་གར(སྒྲ)ཚེ་རིང་དང་དགྲ་འདུལ། ཐ་ན་གཅིག་མཚུངས་ཤ་འཁོན་གྱིས་དེད་པའི་དྲེད་མོང་ལས་ངན་དེ་ཇི་བཞིན། ལས་ཀྱི་བཀོད་ཐང་གིས་ཕྲག་པར་བཀལ་བའི་འོས་འགན་དེ་ཡོངས་སུ་འགྲུབ་སོང་བས། ད་རུང་མུ་མཐུད་འཚོ་ཞིང་གཞེས་ན། ཧ་ལམ“ལྷག་རོ”ཞིག་གམ“ལྡོག་ཕྱོགས”ཀྱི་ནུས་པར་སོང་སྟེ། འཇིག་རྟེན་དོན་གཉེར་ངོས་ཀྱི་སྒྱུ་རྩལ་གྱི་བདེན་པའི་བསྙེག་ཡུལ---“ལྷུན་གྱིས་གྲུབ་པ་མ་ཡིན་པའི་ལྷུན་གྲུབ”དེའི་ངོ་བོ་འགྲུབ་ཐབས་མེད་པར་སྙམ།

  དེ་ལྟར། རྒྱའི་ཤན་ལྕི་བའི་ཐ་སྙད་ཅིག་གིས་བཤད་ན། གློག་བརྙན་འདི་ནས“མཐོ་རླབས”ཏེ་སྙིང་བོའི་དོན་གྱི་ཡར་རྩེར་བསྐྱལ་བ་རེད། མ་ཟད། བུ་ནི་ཨ་ཕ་འདས་པོར་རུས་འདང་ལྕི་ཞིང་། ཁྱོ་ནི་ཆུང་མ་འདས་པོར་བརྩེ་གདུང་ཟབ་པ་སྔོན་དུ་སོང་བས། ཁོ་གཉིས་ལྷན་ཅིག་རྣམ་པའི་སྒོ་ནས་ལྷ་ས་དང་། ངོ་བོའི་ཆ་ནས་སོ་སོའི་མི་གཤིས་ཀྱི་འོད་སྣང་ཁྲོད་ལོག་འགྲོ་བར་གདོན་ཡང་ཅི་ཟ། དེ་བས་དོན་ལ། གློག་བརྙན་གྱི་བརྗོད་གཞི་གཙོ་བོ་འདི་ནས་མཇུག་སྒྲིལ་སོང་ཞེས་བཤད་ཀྱང་ཆོག་སྙམ། རྗེས་ཀྱི་ལྷག་མ་དེ་ནི་དཔེར་ན། གླུ་ཞིག་གསེང་མཐོར་བཏེགས་ཏེ་བླངས་ཚར་རྗེས། མཇུག་འགྱུ་པོ་ཞིག་ད་དུང་མར་ལ་འབབ་རྒྱུ་ཡོད་པ་དེ་རེད། ཡང་ན། རྒྱ་ནག་གི་རི་མོ་པ་ཚོས“དཀར་ཆ་སོར་འཇོག”ཟེར་བ་ཞིག་ཤོག་ཐང་གི་ཟུར་དུ་སྟོང་ཆར་བསྐྱུར་རྒྱུ་ཡོད་པ་དེ་དང་ཆ་འདྲ། དེ་ལ་རྩལ་ག་རེ་ལྡན་ཟེར་ན། གཏམ་རྒྱུད་ལ་ཉན་མཁན་ནམ་གློག་བརྙན་ལ་ལྟ་མཁན་ཚོས། རང་འགུལ་སྒོས་རྣམ་རིག་ཕྱི་ལ་མི་སྒྲིམ་པ་བློ་ཁ་ནང་དུ་ལོག་ནས། རང་སེམས་རྟོག་པའི་རྟ་ཕོར་བཅིབས་ཤིང་རྟ་ཁ་དྲན་པའི་རླུང་གིས་སྒྱུར་གྱིན། ཐོད་པ་སྔར་བཞིན་དབུས་སུ་སྟོན་པའི་ཕ་གཡར་དང་བུ་གུ་དེ་གཉིས་ཀྱི་རྒྱབ་གཟུགས་ལ་འགྲོགས་ཏེ། གཏམ་རྒྱུད་དེའི་མཇུག་འཕྲོ་ངང་ངམ་ཤུགས་ཀྱིས་བསྐྱང་འགྲོ་བ་དེ་རེད། དེར་བརྟེན། དོན་ལ་གློག་བརྙན་འདིའི་མཇུག་ནི་འཁྲབ་སྟོན་པ་དང་ལྟད་མོ་པ་གཉིས་ཀས་ལྷན་ཅིག་གྲེ་བ་དབྱངས་སུ་བཏེགས་ཏེ“ང་ཡི་ཆང་གསོལ”ཅེས། གློག་བརྙན་འདིའི་ཁ་བྱང་དུ་བབས་པའི་ཆང་གཞས་སྙན་ཞིང་འཇེབས་པ་འདི་མཉམ་ལེན་བྱེད་སྟངས་གཞན་ཞིག་ཏུ་ཡང་མཐོང་།

                                   ལྔ།

        ཟུར་རྒྱན།
       

                                        ༡

  གློག་བརྙན་འདི་ལས་ཁོ་བོ་དགའ་བར་བྱས་པ་གཞན་གཅིག་ནི། ཐོག་དང་པོར་རྒྱལ་རོང་བོད་སྐད་གློག་བརྙན་སྒང་ལ་བཞག་པ་འདི་ཡིན། མ་ཟད། ལམ་སྐབས་འཕྲད་པའི་མདོ་ཁམས་འབྲོག་གི་གནས་ཚང་དེ་དང་། རྒྱལ་རོང་མཐིལ་གྱི་དབུས་མཇལ་པ་ཕ་མ་བུ་གསུམ་འདི་ཚོའི་བར་ཐག སོ་སོའི་ལུས་ངག་ཡིད་ཀྱི་ཕྱི་ནང་གསང་གསུམ་ན་འཁུར་བའི་གཉུག་མ་བོད་ཀྱི་དྲི་མ་ལྕམ་མེ་བ་དེས་ལྷན་དུ་སྦྲེལ་ཏེ། སྐད་ཆ་ནས་དད་མོས། འཚོ་བའི་ཆ་ལུགས་ནས་འདས་མཆོད་ཀྱི་ཆོ་གས་མཚོན་པའི། སྐྱིད་སྡུག་རི་མོའི་དབྱིབས་དང་ཁ་དོག་སོགས་ངོ་བོ་གཅིག་ཏུ་འབབ་ལུགས་འདི་ཡང་བག་ཆགས་ཟབ་མོར་བྱུང་།

                                      ༢

  དེ་མིན། ཕྱོགས་ག་ཤེད་ལ་རྫི་གསང་རྣོ་བ་ཞིག་ཡིན་ཕྱིན་ངེས་པར་དྲན་པས་ལྕགས་ཀྱུས་ཟིན་འོས་པ་ནི། གློག་བརྙན་ཁྲོད་ཐེངས་འགར“四姑娘山”ཞེས་པའི་རྒྱའི་ཐ་སྙད་འདི་ཐོན་བྱུང་བ་དེ་རེད། དོན་ལ། དེ་ནི་རྒྱལ་རོང་བཙན་ལྷའི་ཡུལ་གྱི་རི་བོ་སྐུ་ལྷ་ཡིན་པ་མང་མས་ཤེས་ཚོད་དུ་གདའ། དེར་ཡང་། རྒྱལ་རོང་ཕྱོགས་ནས་ཐབ་ལྷ་ནི་དགྱེས། སྐུ་ལྷ་ནི་མཆོད། ཅེས་སྐུ་ལྷ་ནི་ཡུལ་ལྷ་གཞི་བདག་ལྟ་བུའི་འཇིག་རྟེན་པའི་ལྷ་ལ་ངོས་འཛིན། དེ་ལྟའི་དཔེ་བོད་ཡུལ་གཞན་ན་ཡང་ཡོད། ལྷོ་ཁའི་སྐུ་ལྷ་མཁའ་རི། ཨ་མདོའི་སྐུ་ལྷ་དར་མདུང་། ད་དུང་གླིང་སྒུང་ནང་གི་གཉན་ཆེན་སྐུ་ལྷ་གེར་འཛོ་ལྟ་བུ་རེད། ཁོ་བོས་བཤད་འདོད་པ་ནི། སྐུ་ལྷ་ཞེས་པ་ནི། འུ་བུ་ཅག་ལ་གནའ་ནས་རང་ཆས་སུ་ཡོད་པའི་བརྡ་ཆད་ཅིག་ཡིན་ཞེས་པ་འདི་ཡིན། དེར་ཡང་རྒྱལ་རོང་གི་ཡི་གེའི་ཀློག་སྲོལ་ཅིག་ལ། ས-ཀུ-ལྷ། ཞེས“སྐུ”དེའི་མགོ་ཅན་ས་དང་མིང་གཞི་ཀ་ཕྲལ་ཏེ་འདོན་སྟངས་ཤིག་འདུག་པས། སྐུ་ལྷ་ཞེས་པའི་རྒྱ་འགྱུར་ཡི་གེ་དེ་མཐར་ཐུག་སྒྲ་དོན་གཉིས་ཀ་ཆ་ཁ་ཡ་རྡེབ་ཏུ་འཁྲུགས་པའི། “四姑娘山”ཞེས་ཡུལ་སྐོར་ལྗོངས་རྒྱུར་བྲིན་པའི་ཐ་སྙད་ཅིག་ཏུ་བཟོས་སོང་བ་རེད། འདི་ལ་གློག་བརྙན་ངོས་ཐད་ནས་བསམ་བློ་ག་འདྲ་བཏང་ཡོད་པ་ཤེས་མ་སོང་། ཡང་ན་སྙམ་མེད་དུ་བྱུང་བ་ཡིན་ཡང་སྲིད། ཡང་ན་གསལ་འདེབས་གཞན་ཞིག་ཡོད་ཀྱང་སྲིད། གཙོ་བོ་འདི་འདྲའི་འགལ་ཚབས་ཆེ་བའི་བོད་ཀྱི་ས་མིང་། དཔེར་བཞག་ན། སྨད་ཀྱི་ཁྱུང་མཆུ་ལ红原ཟེར་བ་ནས་བར་གྱི་ཆབ་ཆ་ལ共和། སྟོད་ཀྱི་བྲག་གཡབ་ལ八一ལྟ་བུ་སོགས་གྲངས་སུ་རྫོགས་ཏེ་ཡོད། གང་ལྟར། ཕ་ཡུལ་གྱི་རི་ཆུའི་ཁ་དོག་འབོར་བའི་ཉེན་དུ་ཡང་མི་འགྲོ་བ་མིན་པས། ཅིས་ཀྱང་རིག་པས་ཟིན་པར་བྱས་ཏེ་གཟབ་ཀྱིས་སྨྲ་དགོས་པ་གཅིག་ཏུ་ཡང་མཐོང་ངོ་།

                                          ༣

  དེ་མིན། དགོན་པའི་རྩིག་ལྡེབས་སུ་འདས་པོའི་འདྲ་པར་སྦྱར་ཡོད་པ་དེ་མཐོང་མ་ཐག་གློ་རྡེག་སེམས་ལ་ཀན་ཅི་ཙུག་རེད་བསམས་སོང་། གང་ལྟར། ཁོ་བོ་འགྲོ་མྱོང་སའི་བོད་ཀྱི་དགོན་པ་ཞིག་ནས་དེ་འདྲའི་སྲོལ་མཐོང་མྱོང་མེད། ཡང་ངས་མ་མཐོང་ན་དེ་འདྲ་མེད་པའི་རྒྱུ་མཚན་དུ་ཡང་ག་ལ་འགྲོ། གཅིག་བྱས་ན། གློག་བརྙན་མཚོན་ཐབས་ཁྲོད་དེ་ལ་མི་འགབ་རྒྱུ་ཅི་ཡོད། འོན་ཀྱང་ཁོ་བོས་བཤད་འདོད་པ་ནི། མཚོ་སྔོན་པོའི་འབྲོག་ནས། སྔོན་ཆད་ཕ་མ་ཚེ་ལས་འདས་ན་ནང་མིས་ཞྭ་མོ་ཕྱིར་སློག་སྟེ་གྱོན་ནས་རང་ལ་འདད་ཡོད་པ་མཚོན། རྗེས་ཀྱི་ལོ་རབས་དགུ་བཅུའི་ནང་། དེའི་ཚབ་ཏུ་རྒྱ་ཞྭའི་མཐའ་ཁར་སྤྱིན་རས་དཀར་པོ་སྦྱོར་བའི་ཐོ་ཅོ་གཅིག་བྱུང་མྱོང་བས། འདི་ཡང་འུ་ཚོའི་དེ་འདྲའི་འདྲ་ཆགས་པོའི་འགྲོགས་ལུགས་ཤིག་ཨེ་ཡིན་སྙམ་སྟེ་སེམས་ཁྲལ་ལྷག་མ་ཞིག་བྱུང་། ཡང་ངེས་པར་ཁས་ལེན་དགོས་པ་གཅིག་ཡོད་པ་ནི། ཁྱོ་ག་འདས་པོ་དང་མི་སྣ་གཙོ་མོའི་མཉམ་པར་དེས། ཐོག་མཐའ་བར་གསུམ་ཀུན་དུ། ཨ་མེ་རི་ཀའི་འགུལ་རིས་གློག་བརྙན་གྲགས་ཅན<དཔར་ངར་གྱི་སྒྲུང>(<勇敢传说> )ཞེས་པའི་ནང་གི་གཙགས་དྲུབས་འགེལ་གྲུམ་དེ་ལྟ་བུའི་བྱ་བྱེད་ནུས་གསུམ་ཁ་ཚང་དུ་ཐོན་ཏེ། གློག་བརྙན་འདིའི་ཡན་ལག་གལ་ཆེན་ཞིག་ཏུ་གྱུར་འདུག་པ་ཡང་བསྙོན་དུ་མེད།

  དེ་བཞིན་སྤྱི་ཡོངས་ནས་བལྟས་ན། གློག་བརྙན་འདིས་ཁོ་བོར་ཡི་ཆད་བཟོས་མེད་མ་ཟད། རྨ་ཁའི་འོག་གི་ཤའུ་སྲབ་སྲབ་པོ་ལྟར་རེག་ཏུ་མི་བརྣག་པའི་དྲན་པའི་ངོས་ཤིག་ལ། ཡང་ཡང་ཟུར་ཁ་གང་ཞིག་གིས་དྲུད་ནས་སོང་། ཡང་ཡང་རྩེ་མོ་གང་ཞིག་གིས་བསྣུན་ནས་སོང་། ཁོ་བོས་བསམས་ན། འདི་ནི་ང་ཚོ་མགོ་ནག་སྤྱི་མཐུན་ལ་ཆ་སྙོམས་པོར་ཡོད་པའི་སེམས་ཀྱི་སྙི་ས་ཞིག་བརྩེ་གདུང་གང་ཞིག་གི་ལྕགས་ཀྱུས་ཟིན་སོང་བས་ཡིན་དུ་གཤའ།

  སླད་མར། བོད་ཀྱི་གློག་བརྙན་གྱིས་བླངས་པའི་སྨིན་འབྲས་ལ་རྗེས་སུ་ཡི་རངས་འབུལ་ལོ། །

                                                            2018.11.19

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།