ངའི་གསར་རྩོམ་གྱི་བརྒྱུད་རིམ།

ཚེ་རིང་དོན་གྲུབ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-09-27

                                                        ——2019ལོའི《མི་རིགས་ཀྱི་རྩོམ་རིག》བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭའི་སྟེང་གི་འཆད་ཁྲིད་མ་ཟིན།

                                                                                                                                                                                                                           པར་པ། བཀྲ་རྒྱམ།

  སྤྱིར་བཏང་དུ་རྩོམ་མཁན་ཡག་ཤོས་དག་གིས་རང་གི་བརྩམས་ཆོས་སྐོར་གླེང་བ་ཤིན་ཏུ་ཉུང་རབས་ཟེར། ཡིན་ནའང་ང་ནི་རྩོམ་མཁན་ཡག་ཤོས་མིན་པ་དང་།ལྷག་པར་དུ་ཐེངས་འདིའི་གཙོ་སྒྲུབ་པས་ང་ལ་ཁྱོད་རང་གི་གསར་རྩོམ་གྱི་བརྒྱུད་རིམ་བཤད་དགོས་ཟེར་བས་ཁོང་གི་རེ་བ་ལྟར་ངས་རང་གི་གསར་རྩོམ་བརྒྱུད་རིམ་རགས་ཙམ་ཞུ་རྒྱུ་ཡིན།

  ཕྱིར་འདང་བརྒྱབ་ན་ངས་ཐེངས་དང་པོར་བརྩམས་སྒྲུང་ངོ་མ་ཞིག་བཀླགས་པ་ནི་རྒྱ་ནག་གི་གནའ་རབས་ཀྱི་བརྩམས་སྒྲུང་གྲགས་ཅན་བཞི་རུ་གྲགས་པའི་ཡ་གྱལ་ཏེ《ཆུ་ངོགས་གཏམ་རྒྱུད》བོད་འགྱུར་མ་དེ་ཡིན་པ་འདྲ། དེ་ནི་ང་རང་དམའ་འབྲིང་སྐབས་ཏེ་དུས་རབས་གོང་མའི་ལོ་རབས་བདུན་ཅུའི་མཇུག་ཡིན། རྗེས་སུ་མཐོ་འབྲིང་སྐབས་སུ་རྒྱའི་སྐད་ཡིག་སློབ་དེབ་ནང་ན་ཨུ་རུ་སིའི་ཆི་ཧོ་ཧྥུ་དང་ཧྥ་རན་སིའི་མོ་པོ་སང་སོགས་ཀྱི་སྒྲུང་ཐུང་རེ་ཡོད་པ་དག་གིས་ངའི་སྤྲོ་བ་ཡོངས་སུ་འདྲེན་ལ། འདིས་ནི་ང་རང་བརྩམས་སྒྲུང་གསར་རྩོམ་གྱི་ལམ་ལ་ཞུགས་པར་ཕལ་ཆེར་ཐག་གཅོད་བྱས་ཟིན་པ་འདྲ། ཏག་ཏག་སྐབས་དེར《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་ཚགས་པར་དང་དུས་དེབ་འགའ་རེར་ད་ལྟ་བལྟས་ན་གཏམ་རྒྱུད་ཀྱི་རང་བཞིན་ཧ་ཅང་ཤུགས་ཆེ་བའི་བོད་ཡིག་གི་བརྩམས་སྒྲུང་འགའ་རེ་མཐོང་རྒྱུ་ཡོད་པ་དེས་སྔར་ལས་ཀྱང་ངའི་དང་བ་ཅིག་ཅར་དྲངས། ཡིན་ནའང་དེ་དག་ལས་འགའ་རེ་ནི་ཡིག་རྩལ་དང་ཐབས་རྩལ་གང་ལ་བལྟས་ཀྱང་འདི་འདྲ་ནི་ངས་ཀྱང་འབྲི་ཐུབ་སྙམ་པའི་ང་རྒྱལ་ལམ་སྤོབས་པ་ཞིག་སྐྱེས་ཏེ་ཐོག་མར་བརྩམས་སྒྲུང་ལྟ་བུ་ཞིག་བྲིས་པ་ནི《བཀྲ་ཤིས་གཉེན་སྒྲིག》ཅེས་པ་དེ་ཡིན་ལ། འདི1983ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དུ་སྤེལ་པར་མ་ཟད་བྱ་དགའ་ཞིག་ཀྱང་ཐོབ། བརྩམས་ཆོས་དེ་ནི་ད་ལྟ་བལྟས་ན་ཧ་ཅང་ངོ་གནོང་དགོས་པ་ཞིག་ཡིན་ནའང་དེ་དུས་ཕལ་ཆེར་དུས་དེབ་དེ་རུམ་ནས་ཉལ་དགོས་པ་ལྟ་བུའི་དགའ་སྤྲོ་སྐྱེས་མྱོང་། བརྩམས་སྒྲུང་གཉིས་པ་ནི་དེ་བས་ཀྱང་ཞིང་ལྗོངས་ལྔའི་རྩོམ་རིག་བྱ་དགའ་ཨང་དང་པོ་སོགས་ཐོབ་པ་དང་། ཀིན་ཡིའུ་ཧྥང་གིས་རྒྱ་ཡིག་ཏུ་བསྒྱུར་ཏེ《མི་རིགས་རྩོམ་རིག》ཏུ་སྤེལ་བ་སོགས་ཀྱིས་མུ་མཐུད་དུ་གསར་རྩོམ་བགྱི་བར་སྒུལ་ཤུགས་ཚད་མེད་བསྐྱེད་ནའང་གསར་རྩོམ་ནི་རང་གི་མི་ཚེའི་དམིགས་འབེན་ཡིན་པའི་འདུ་ཤེས་ད་རུང་ཆགས་མེད། དེ་ནས་རིང་པོ་མ་སོང་བར་བརྩམས་སྒྲུང《ལམ》སོགས་བྲིས་ཏེ《སྦྲང་ཆར》རྩོམ་སྒྲིག་ཁང་ལ་བསྐུར་བར་གཙོ་སྒྲིག་པ་ཨ་ཁུ་འགྱུར་མེད་ལགས་ཀྱིས་ང་རང་བོས་ནས་བརྩམས་ཆོས་དེའི་སྤྱིའི་སྒྲིག་གཞི་དང་མི་སྣ་ཞིབ་འབྲི། ཚིག་སྦྱོར་སོགས་ཁྱོན་ཡོངས་ནས་དམར་ཁྲིད་ཟེར་བ་འདི་ལོས་ཡིན་སྙམ་པའི་དགོངས་འཆར་ཞིབ་རྒྱས་གནང་བར་ངས་ཀྱང་བརྩམས་སྒྲུང་དེ་ཕལ་ཆེར་བསྐྱར་འབྲི་ལྟ་བུ་ཞིག་བྱས་རྗེས་དུས་དེབ་ཏུ་སྤེལ་བ་སོགས་ཀྱི་གནས་ཚུལ་ནི་དཔའ་རིས་བསོད་ནམས་ཚེ་རིང་གིས་སྒྲིག་འབྲི་བྱས་པའི《བོད་ཀྱི་ཉེ་རབས་དང་དེང་རབས་ཀྱི་མཁས་དབང་གི་རྣམ་ཐར》(རྒྱ་ཡིག)ཞེས་པའི་ནང་གི་ཨ་ཁུ་འགྱུར་མེད་ལགས་ཀྱི་རྣམ་ཐར་དུ་ཡང་བྲིས་ཡོད། དེ་ཙམ་གྱིས་མ་ཚད་ཨ་ཁུ་འགྱུར་མེད་ལགས་ཀྱིས་སྐབས་དེའི་ངའི་བརྩམས་ཆོས་རེ་རེར་སྐུ་དངོས་སུ་བཟོ་བཅོས་གནང་བ་དང་ཡང་ན་དགོངས་འཆར་གནང་བ་སོགས་ཀྱིས་ང་ལ་བློ་སྐྱེད་དང་ཕན་འབྲས་བླ་ལྷག་ཐོབ། སྐབས་དེར་ང་རང་མཚོ་སྔོན་མི་རིགས་སློབ་གླིང་དུ་ཟབ་སྦྱོང་བྱེད་བཞིན་ཡོད་པས་ཁོང་གིས་ད་དུང་སློབ་གྲྭ་དེའི་དགེ་རྒན་སངས་རྒྱས་ལགས་ལ་ང་ངོ་སྤྲོད་གནང་སྟེ་འདིས་བྲིས་པ་རྣམས་ལ་ཞུ་དག་དང་བསམ་འཆར་འདོན་དགོས་ཞེས་གདམས། མདོར་ན་གོང་གསལ་ནི་ངའི་གསར་རྩོམ་གྱི་གོམ་པ་དང་པོ་ལྟ་བུ་ཡིན་ལ། དུས་དེ་ནས་བཟུང་ད་གཟོད་གསར་རྩོམ་ནི་རང་གི་འགན་ཁུར་ཞིག་དང་མི་ཚེའི་དམིགས་འབེན་ཞིག་ཏུ་བརྩིས་པ་ཡིན།

  དེ་ནས་ད་བར་དུ་ངའི་སྒྲུང་ཐུང་འབྲིང་ཕྱོགས་བསྒྲིགས་པོད་བཞི་དང་སྒྲུང་རིང་པོད་བཞི་བཅས་ཁྱོན་བརྩམས་སྒྲུང་པོད་བརྒྱད་པར་སྐྲུན་བྱས་ཡོད་པ་ལས་ཚང་མར་ཅུང་གསལ་ཆ་ཡོད་པ་ནི་ཕལ་ཆེར《Dསྡེ་བའི་ཀླན་ཀ》དང《ར་ལོ》《ཝ་ནག་ལུང་བ》《རླུང་དམར་འུར་འུར》སོགས་ཡིན་སྲིད། དེ་ཡང《Dསྡེ་བའི་ཀླན་ཀའི》དུས་རབས་རྒྱབ་ལྗོངས་བཤད་ན་ང་བརྒྱད་ལོ་དང་རིག་གསར་ནང་རྩ་གཏོར་བཏང་བའི་དགོན་སྡེ་རྣམས་སླར་གསོ་བྱེད་པའི་སྐབས་ཡིན་ལ། མང་ཚོགས་ལ་ཆོས་སྐོམ་ཆེ་དྲགས་པ་དང་འབྱོར་བ་ཞན་དྲགས་པའི་དབང་གིས་སྡེ་བའི་ནང་བཙན་ཁྲལ་འཇོག་པ་སོགས་ཐབས་སྡུག་གི་དོན་དག(དཔེར་ན་སྒོར་མོ་མ་སྤྲད་ན་སྡེ་གྲལ་ནས་འཕུད་རྒྱུ་ཡིན་ཟེར་བ་སོགས)དངོས་སུ་བྱུང་མྱོང་བའི་ས་བོན་ལ་ལས་སྣོན་བྱས་ནས་གྲུབ་པ་ཞིག་ཡིན། དགོད་བྲོ་བ་ཞིག་ནི་དགོན་པ་བསྐྱར་བཞེངས་ཀྱི་ལས་ལ་ཧུར་བརྩོན་གྱིས་ཞུགས་པ་དང་། མང་ཚོགས་ལ་བཙན་ཁྲལ་འཇོག་མཁན་མང་པོ་ནི་དེ་སྔོན་དགོན་པ་གཏོར་མཁན་དང་བླ་མར་རྡུང་མཁན་དག་རེད། དཔེར་ན《ནགས་ཚང་ཞི་ལུའི་སྐྱིད་སྡུག》ནང་གི་ཨ་ཁུ་ཁ་ཆག་ལྟ་བུ་རེད། ཡང་ཀློག་པ་པོ་མང་པོ་ཞིག་གིས་ར་ལོ་ཟེར་བའི་མི་ཞིག་ཏན་ཏན་ཡོད་སྲིད་པར་མ་ཟད་མི་དེ་ངའི་ཆུང་དུས་ཀྱི་སློབ་གྲོགས་ཤིག་ཡིན་པར་འདོད་ཀྱིན་འདུག དོན་དངོས་སུ་ར་ལོའི་གཤིས་ཀ་དང་བཟོ་ལྟ། མི་ཚེའི་བརྒྱུད་རིམ་སོགས་ཡོངས་སུ་ཚང་བའི་མི་ཞིག་ངས་མཐོང་མ་མྱོང་ལ། ར་ལོའི་གཤིས་ཀ་དང་བཟོ་ལྟ། མི་ཚེའི་བརྒྱུད་རིམ་ནི་མི་མང་པོ་ཞིག་གི་སྟེང་ནས་མི་གཅིག་གི་སྟེང་ལ་བསྡུས་པ་ཡིན། ཚང་མས་ཤེས་གསལ་ལྟར། ལོ་འདི་དག་ནི་འབྲོག་པའི་འཚོ་གནས་ལ་འགྱུར་ལྡོག་ཆེས་ཆེ་བ་དང་ཆེས་མགྱོགས་པའི་དུས་སྐབས་ཤིག་ཡིན་ཏེ། འབྲོག་ཁྱིམ་མང་པོས(ལྷག་པར་དུ་ཁམས་ཕྱོགས་སུ)ནོར་ནག་འགའ་རེ་བཟུང་ཡོད་པ་མ་གཏོགས་ལུག་ཁྱུ་ཕལ་ཆེར་རྩ་རྫོགས་བྱས་འདུག འབྲོག་ཁྱིམ་ལ་ལས་ནོར་ལུག་གཉིས་ཀ་རྩ་རྫོགས་བྱས་ཏེ་རྫོང་མཁར་གྱི་འདབས་དང་སྐྱེ་ཁམས་སྤོ་འབངས་སྡེ་བ་ཟེར་བའི་ནང་བསྡད་ཡོད་པ་སོགས་རེད། ང་ད་ལོའི་སྤྱི་ཟླ་བདུན་པར་ཕ་ཡུལ་དུ་སོང་ཚེ་གང་ས་གང་དུ་ན་ནིང་གི་རྩྭ་རྙིང་དེ་རུང་སྐྱ་ཐང་ངེར་འདུག སྔོན་ཆད་ཡིན་ན་འབྲོག་པ་ཚོར་ཕྱུགས་རྩྭ་མི་འདང་བ་མ་གཏོགས་རྩྭ་རྙིང་ལྷག་རྒྱུ་གང་ན་ཡོད། འདི་ནི་འབྲོག་ཁྱིམ་མང་པོས་ཕྱུགས་ཟོག་རྩ་རྫོགས་བྱས་ཟིན་པའམ་ཡང་ན་ཇེ་ཉུང་དུ་བཏང་བའི་མངོན་རྟགས་རེད། ཕྱུགས་ཟོག་རྩ་རྫོགས་བྱས་ཟིན་པའི་འབྲོག་པ་མང་ཤོས་ནི་ཉིན་རེ་ནས་ཉིན་རེར་སྒྱིད་ལུག་ཏུ་འགྱུར་བཞིན་པ་དང་མཉམ་དུ་འཚོ་བའང་ཐབས་ཆག་ཏུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་འབྲོག་པ་མཁར་གྲོང་ཅན་དུ་གྱུར་པ་དང་དུས་མཚུངས་སུ་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་སྟེ། ཕྱུགས་ལས་རིག་གནས་རྩ་མེད་དུ་འགྲོ་བཞིན་པ་ནི་ང་ཚོས་མིག་མཐོང་ལག་ཟིན་གྱི་གནས་ཚུལ་རེད། ཕྱུགས་ལས་རིག་གནས་གླེང་ཚེ་མི་མང་པོས་ང་ལ་ཁྱོད་ཀྱིས་རྒྱ་ཡིག་གི་ལམ་ནས་གསར་རྩོམ་བྱེད་འོས། དེ་ལྟར་བྱས་ན་བཀྲ་ཤིས་ཟླ་བ་དང་ཚེ་རིང་ནོར་བུ་ནང་བཞིན་སྙན་གྲགས་རྒྱས་སྲིད་ལ། རྩོམ་ཡོན་ཡང་མང་ཙམ་རེག་ཐུབ་ཟེར། དེ་ལ་སྔོན་ཆད《西海都市报》ཟེར་བའི་ཚགས་པར་དེའི་གསར་འགོད་པ་ལ་ངས་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་གཡག་དང་བོང་བུ་ལ་དཔེ་བཞག་ན་ང་རང་རྩྭ་ཐང་གི་གཏམ་རྒྱུད་འབྲི་བའི་རྩོམ་མཁན་ཞིག་ཡིན་པས་ཆ་ནས་གཡག་ལ་ཞོན་ན་སྟབས་བདེ་རེད་ཅེས་ལན་བཏབ་པ་ཡིན། དེ་ཡང་གསལ་པོར་བཤད་ན་སྤྱིར་བཏང་དུ་རྒྱ་ཡིག་ལ་ཐ་སྙད་ཧ་ཅང་ཕུན་སུམ་ཚོགས་པ་ཡོད་ནའང་ཕྱུགས་ལས་སྐོར་གྱི་ཐ་སྙད་བོད་ཡིག་དང་བསྡུར་ཐབས་མེད་དེ། དཔེར་ན་རྒྱ་ཡིག་ནང་ལྕི་བ་དང་ཨོང་བ་ལ་དབྱེ་བ་མེད་པ་དང་། རྟ་ར་ལུག་ར་ཟེར་བ་ཡོད་པ་མ་གཏོགས་རྟ་ལྷས་ལུག་ལྷས་ཟེར་བ་མེད་ཚོད་རེད། ངས་རྒྱ་མི་མཁས་པ་ཞིག་ལ་དྲིས་པར་ཁོ་ཚོའི་ཚིག་མཛོད་དུ་ཨ་རྡི་དང་ཨ་སྨིན(ཆེ་གཅོད་བྱས་པའི་ཁྱུ་གཡག་དང་ལུག་ཐུག)སོགས་ཀྱང་མེད་རབས་ཟེར། ཚང་མས་ཚད་ལྡན་དུ་རློམ་པའི《བོད་རྒྱ་ཚིག་མཛོད་ཆེན་མོའི》ནང་དུ་ནོར་རྡང་ལ་འགྲེལ་བཤད་ལྟ་བུ་ཞིག་ལས་མེད་ལ། འགྲེལ་བཤད་དེའང་ནོར་གྱི་སུག་པ་སྦྲེལ་བྱེད་ཅིག་ཡིན་ཞེས་རྦད་དེ་ནོར་འདུག་པ་ལྟ་བུ་རེད། རྒྱུ་རྐྱེན་འདི་དང་གཞན་ཡང་རྒྱུ་རྐྱེན་མང་པོའི་དབང་གིས་ངས་རྒྱ་ཡིག་གི་ལམ་ནས་གསར་རྩོམ་མང་པོ་བྱེད་ཀྱིན་མེད། འོན་ཀྱང་བརྗོད་བྱ་འགའ་རེ་ནི་ངེས་པར་དུ་སྐད་ཡིག་ཆེན་པོ་སྟེ་དཔེར་ན་རྒྱ་ཡིག་ལྟ་བུའི་ལམ་ནས་བྲིས་ཏེ་ང་ཚོའི་གནས་བབ་འཛམ་བུ་གླིང་ལ་ཤེས་སུ་འཇུག་དགོས་པ་ལས་བོད་ཡིག་གཅིག་པུའི་ལམ་ནས་བྲིས་ན་རང་མགོ་རུམ་ལ་བཅུག་ནས་ངུ་བ་དང་དགོད་པ་ལྟ་བུ་རེད། ཡང་མིག་མཐོང་ལག་ཟིན་གྱི་དོན་དག་རྣམས་སྒྱུ་རྩལ་བརྩམས་ཆོས་སུ་བཞེངས་སྐྲུན་བྱེད་པ་ལ་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཙམ་གྱིས་མི་ཆོག་པར་ངེས་པར་དུ་ཆེད་ལས་ཀྱི་ཤེས་བྱ་སྟེ། དཔེར་ན་རྩྭ་སའི་རྒྱུ་སྤུས་ཇེ་ཞན་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནོར་ལུག་མང་བས་ཡིན་མིན་དང་། འབྲོག་པ་མཁར་གྲོང་དུ་སྤར་རྗེས་འཚོ་བ་ཇེ་བཟང་ཡིན་ནམ་ཇེ་ཞན་ཡིན་པ། སེམས་ཁམས་བདེ་སྐྱིད་ཡིན་ནམ་སྡུག་བསྔལ་ཡིན་པ་སོགས་ཀྱི་རྒྱུ་ཆ་ལ་བལྟ་དགོས་པ་དང་བཅར་འདྲི་བྱེད་དགོས་པ་རེད། འདིའི་སྐོར་ལ་དབང་འཛིན་པའི་ནང་ཁུལ་དུའང་ལྟ་བ་མི་མཐུན་པ་ཡོད་པ་ངས་དངོས་སུ་མཐོང་མྱོང་སྟེ། དཔེར་ན་མཚོ་སྔོན་སྲིད་གཞུང་གི་ཧྲིན་ཀྲང་ཟུར་བ་སུང་ཞུག་ཡན་ངའི་ཕ་ཡུལ་དུ་ཡོང་སྟེ་འབྲོག་པ་མཁར་གྲོང་ཅན་ལ་བསྒྱུར་བར་མོ་རང་རྦད་དེ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན། ཆེད་ལས་མཁས་པ་ཚོའི་ལྟ་བའང་མི་མཐུན་པ་ནི་ང་ཚོས་རྒྱུ་ཆ་དག་ལས་མཐོང་ཐུབ། དེའི་ཕྱིར་ངས་ཞིན་འཇིལ་ཐུས་གཙོ་འབྲི་བྱས་ཤིང་། ནང་སོག་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི《སྐྱེ་ཁམས་སྤོ་འབངས》ཟེར་བ་སོགས་རྒྱུ་ཆ་མང་པོོར་ཟུར་ལྟ་བྱས་པ་དང་། མཁར་གྲོང་དུ་སྤོར་ཟིན་པའི་འབྲོག་པ་མང་པོར་བཅར་འདྲི་བྱས་རྗེས་ད་གཟོད《ཝ་ནག་ལུང་བ》གསར་རྩོམ་བྱས་པ་ཡིན། 《རླུང་དམར་འུར་འུར》འབྲི་བར་དེ་བས་ཀྱང་ལོ་ངོ་དྲུག་བདུན་ཙམ་གྱི་དུས་ཡུན་ནང་རྒྱུ་ཆ་མང་པོར་བལྟས་པ་དང་དོན་དག་དེ་བརྒྱུད་མྱོང་བའི་མི་མང་པོར་བཅར་འདྲི་བྱས་པའི་ཟིན་བྲིས་ལ་ཡིག་འབྲུ་ལྔ་ཁྲི་ཡས་མས་ཡོད།

  གསར་རྩོམ་གོམས་གཤིས་ཐད་ལ་རིགས་མི་འདྲ་བ་འགའ་ཡོད་པ་འདྲ་སྟེ། རྩོམ་མཁན་ལ་ལས་ས་བོན་ཅུང་ཙམ་རྙེད་མ་ཐག་བློས་བསླངས་བྱེད་ཞོར་དང་གསར་རྩོམ་བྱེད་ཞོར་དུས་མཉམ་བྱེད་ལ། རྩོམ་མཁན་ལ་ལས་བརྩམས་སྒྲུང་གི་སྒྲོམ་གཞི་དེ་ཐོག་མར་རེའུ་མིག་དང་རི་མོ་ལྟ་བུ་ཐིག་སྐུད་མང་པོ་བྲིས་རྗེས་ཐིགས་རེ་རེ་དེད་ནས་གསར་རྩོམ་བྱེད་རབས་ཟེར། ཡང་རྩོམ་མཁན་ལ་ལས་ཐོག་མར་ཀླད་པའི་ནང་དུ་བརྩམས་སྒྲུང་གི་མགོ་མཇུག་བར་གསུམ་དང་མི་སྣ་རེ་རེ། ཐ་ན་མི་སྣའི་ཁ་བརྡ་སོགས་བློས་བསླངས་བྱས་ཏེ་གཞན་ལ་ཆ་ཚང་བཤད་རྒྱུ་ཡོད་པའི་སྐབས་སུ་ད་གཟོད་ཡི་གེར་ཕབས་པ་རེད། ང་རང་ནི་དེ་དག་ལས་ཕྱི་མར་གཏོགས། འདི་ནི་སོ་སོའི་གོམས་གཤིས་ཙམ་ཡིན་པ་ལས་བཟང་ངན་གྱི་དབྱེ་བ་འབྱེད་རྒྱུ་མེད།

  ད་ནི་རང་གིས་བོད་ཡིག་གི་བརྩམས་སྒྲུང་བཀླགས་པའི་མྱོང་ཚོར་མདོར་བསྡུས་ཤིག་བཤད།

  སྔོན་ཆད་ང་ཚོར་དེང་རབས་རྩོམ་རིག་བརྩམས་ཆོས་ཧ་ཅང་ཉུང་བས་བོད་ཡིག་གི་ཚགས་པར་དང་དུས་དེབ་ཅིག་ལག་ལ་ཡོང་ཚེ་ཕལ་ཆེར་ཡོངས་སུ་ཀློག་པ་དང་ཐ་ན་ཐེངས་གཉིས་གསུམ་རེ་བཀླགས་པའང་ཡོད། ཡིན་ནའང་ད་ལྟ་དེ་འདྲ་མ་ཡིན་པར་བརྩམས་ཆོས་ཅུང་མང་པོ་ཡོད་པས་དེ་ཚང་མ་ཀློག་པའི་སྤྲོ་བ་མེད་ལ་དུས་ཚོད་ཀྱང་མེད་པས་ངས་དེང་སྐབས་བོད་ཡིག་གི་སྒྲུང་རིང་དང་ང་རང་གིས་རེ་བ་འཛིན་སའི་ལོ་གཞོན་རྩོམ་མཁན་བཞི་ལྔ་ཙམ་ཡོད་པ་དེ་དག་གི་བརྩམས་སྒྲུང་མ་གཏོགས་ཕལ་ཆེར་ལྟ་གི་མེད། དེས་ན་ང་རང་གི་བརྩམས་སྒྲུང་ནང་ལ་ཐེ་བའི་བོད་ཡིག་གི་བརྩམས་སྒྲུང་ལ་མི་འདང་ས་འགའ་རེ་ཡོད་པ་ནི།

  གཅིག སྐད་ཆའམ་བརྗོད་པའི་གནད་དོན་རེད།

  (1)སྤྱིར་བཏང་དུ་བོད་ཀྱི་ཡིག་སྐད་དང་ཁ་སྐད་བར་དང་། མདོ་དབུས་ཁམས་གསུམ་གྱི་ཁ་སྐད་བར། རོང་འབྲོག་གི་ཁ་སྐད་བར། ཐ་ན་ལུང་བ་སོ་སོའི་ཁ་སྐད་ལའང་ཧེ་བག་ཆེ་བས་ཚང་མས་བཀླགས་ན་ཁ་ལ་བདེ་བ་དང་ཉན་ན་རྣ་བར་སྙན་པ་ཞིག་བྲི་རྒྱུ་ཁག་པོ་ཡིན་ནའང་གོང་གི་དེ་དག་རྒྱུ་མཚན་དུ་བཟུང་སྟེ་སོ་སོའི་ལུང་སྐད་ལྟར་ཁ་ནང་ལ་གང་ཡོང་འབྲི་བ་ནི་གནད་དོན་ཚབས་ཆེན་ཞིག་རེད། གང་ཡིན་ཟེར་ན་ད་ལྟ་ཨ་མདོའི་རྩོམ་པ་པོས་བྲིས་པ་དབུས་གཙང་གི་ཀློག་པ་པོས་ཀློག་མི་བདེ་བ་དང་ཐ་ན་ཧ་མི་གོ་བ། དབུས་གཙང་གི་རྩོམ་པ་པོས་བྲིས་པ་ཨ་མདོའི་ཀློག་པ་པོས་ཀློག་མི་བདེ་བ་དང་ཐ་ན་ཧ་མི་གོ་བའི་གནས་ཚུལ་འབྱུང་བཞིན་ཡོད་པས་རེད།

  (2)སྐད་ཡིག་གཞན་པ་སྟེ་གཙོ་བོ་རྒྱ་སྐད་ཀྱི་ཤུགས་རྐྱེན་ཐེབས་ཏེ་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པའི་གནད་དོན་ཡོད་དེ། དཔེར་ན་ཐེངས་ཤིག་ངས་རང་གི་བརྩམས་ཆོས་ཤིག་དགེ་རྒན་སངས་རྒྱས་ལ་བསྟན་ཏེ་དེའི་ཐད་ཀྱི་གནད་དོན་མཛུབ་སྟོན་གནང་རོགས་ཞུས་པ་ན་ཁོང་གིས་ཤར་མར་ཐེངས་གཅིག་གཟིགས་རྗེས་འགྲིག་འདུག་གསུངས་བྱུང་། དེ་ནས་ངས་རྩོམ་ཡིག་འདི་གལ་ཏེ་འདི་ཨ་ཁུ་ལྷ་མོ་སྐྱབས་(ཕ་ཡུལ་ཨ་མདོ་རྩེ་ཁོག་རྫོང་གི་ཡིན། རྒྱ་ཡིག་རྒྱ་སྐད་མི་མཁྱེན་ལ། བོད་ཡིག་ལ་ཧ་ཅང་མཁས)ལ་བསྟན་ན་འགྲིག་འདུག་གསུང་སྲིད་དམ་ཞེས་ཞུས་པ་ན་ཁོང་གིས་བསམ་བློ་ཅུང་ཙམ་བཏང་རྗེས་དེ་ཡང་རེད། དེས་ན་ངས་ཞིབ་ཏུ་གཅིག་བལྟ་གསུངས་ནས་རྩོམ་དེ་ཁྱེར་སོང་སྟེ་ཉིན་འགའི་རྗེས་སུ་ང་ལ་ཁ་པར་འབྱོར་བས་ཁོང་སར་སོང་དུས་འགའ་རེ་བཅོས་འདུག་པ་ལྟ་བུ་རེད།

  (3)ཐ་སྙད་འདེམ་སྤྱོད་ཐད་ནས་ངས་དེང་སྐབས་ཀྱི་བྱ་དངོས་དང་ཅ་ལག་གསར་བ་རྣམས་ཀྱི་མིང་དེ་སྤྱིར་བཏང་དུ་མཁན་པོའི་ཚིག་མཛོད་རྣམས་དང《དག་ཡིག་གསར་བསྒྲིགས》ལ་གཞི་བཅོལ་བཞིན་ཡོད། གང་ཡིན་ཟེར་ན་མཁན་པོའི་ཚིག་མཛོད་ཀྱི་བསྒྱུར་མཁན་དང་སྒྲིག་འབྲི་བྱེད་མཁན་རྣམས་མདོ་དབུས་ཁམས་གསུམ་གྱི་མཁས་པ་ཡག་ཤོས་དག་ཡིན་པས་རེད། 《དག་ཡིག་གསར་བསྒྲིགས》ཀྱང་མཁས་པ་ཆེ་ཁག་དག་གིས་བསྒྲིགས་པ་ཡིན་ལ། ལྷག་པར་དུ(དག་བཅོས་མ)ནི་ཨ་ཁུ་འགྱུར་མེད་ཀྱིས་ལོ་མང་པོར་མདོ་དབུས་ཁམས་གསུམ་གྱི་སྐད་ལ་རྩད་གཅོད་ཞིབ་འཇུག་བྱས་ནས་ཞུ་དག་བཏང་བ་ཡིན་པས་ཕལ་ཆེར་ཚད་ལྡན་དུ་བརྩི་ལོས་ཆོག་བསམ། ང་ཚོའི་འཚོ་བ་དངོས་ཀྱི་ཁྲོད་དུ་སྐྱེས་པ་དང་བུད་མེད། དར་མ་དང་བྱིས་པ། གྲྭ་བ་དང་ཁྱིམ་པ་བ་སོགས་ལ་སོ་སོར་སྐད་ཆ་བཤད་སྟངས་རེ་ཡོད་པར་མ་ཟད་མི་སྒེར་སོ་སོར་ཡང་སྐད་ཆ་བཤད་སྟངས་རེ་ཡོད་མོད། འོན་ཀྱང་དེང་སྐབས་ཀྱི་བརྩམས་སྒྲུང་མང་ཤོས་ནང་དུ་ཐ་ན་རྩོམ་པ་པོའི་སྐད་ཆ་དང་བརྩམས་སྒྲུང་ནང་གི་མི་སྣའི་སྐད་ཆ། མི་སྣ་དང་མི་སྣའི་བར་གྱི་སྐད་ཆ་ལ་ཕལ་ཆེར་ཁྱད་པར་ཅི་ཡང་མེད་ཚོད་རེད། ད་དུང་བརྩམས་སྒྲུང་འགའ་རེའི་ནང་དུ་རྩོམ་པ་པོའི་ལྷུག་བརྗོད་དང་མི་སྣའི་ཁ་བརྡ་གང་ཡིན་ཡང་ཡིག་སྐད་དང་གྲོང་སྐད། མངོན་བརྗོད་དང་བརྡ་རྙིང་། སྐད་བརྡ་རིག་པའི་བཤད་ཚུལ་ལྟར་ན་ཤི་ཟིན་པའི་ཐ་སྙད(死亡术语)སོགས་མང་དུ་བསྲེས་ཡོད་པ་འདི་ལ་ཧ་ཅང་གཟབ་དགོས་འདུག མདོར་ན་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་ཟེར་ཡང་ཟེར་ལ། བདེན་ཡང་བདེན་པས་སྐད་ཆ་ཚད་ལྡན་དང་བརྗོད་པ་ཡག་པོར་འབད་རྒྱུ་ནི་བརྩམས་སྒྲུང་གི་སྔོན་འགྲོའི་ཆ་རྐྱེན་ཡིན།

  གཉིས། ཐབས་རྩལ་གྱི་ཞན་ཆ།

  སྤྱིར་བཏང་དུ་རྩོམ་མཁན་རྒན་པ་རྣམས་ད་དུང་གཏམ་རྒྱུད་བཤད་པའི་གོ་རིམ་དུ་གནས་པ་དང་། དེ་ཡང་གཏམ་རྒྱུད་ཀྱི་མགོ་ནས་མཇུག་བར་འབྲོག་པས་རྟ་རྒྱུགས་བྱེད་པ་ནང་བཞིན་ཤར་རེར་རྫོགས་པར་བྱེད་པ་ལས་ཀློག་པ་པོ་བསམ་གཞིག་གི་ཀློང་དུ་འདྲེན་པ་དང་དབུགས་བསྡམས་ནས་ཤ་སྒྲིམ་དགོས་པ། གད་མོ་སློང་བ་དང་ངུ་རུ་འཇུག་པ། ལྐོག་བརྡ(暗示)སྟོན་པ། སྐུང་བརྡ(伏笔)འཇོག་པ། ཞིབ་ཆ་ལྡན་པ། བརྡ་འཕྲིན་མང་བ(信息量)སོགས་ཀྱི་ཐད་ནས་ད་དུང་ཞན་ཆ་ཧ་ཅང་མང་།

  གསུམ། རོང་འབྲོག་གི་གནས་ཚུལ་དང་བར་ཐག་རིང་བ།

  གཏམ་རྒྱུད་བཤད་པའི་གོ་རིམ་ལས་བརྒལ་ཏེ་ངེས་པ་དོན་གྱི་བརྩམས་སྒྲུང་འབྲི་ཤེས་པའི་ན་གཞོན་རྩོམ་མཁན་ཉུང་ཤོས་ཤིག་འབྱུང་བཞིན་ཡོད་པ་ནི་དངོས་གནས་དགའ་འོས་པའི་དོན་བཟང་ཞིག་རེད། ཡིན་ནའང་ན་གཞོན་རྩོམ་མཁན་དེ་ཚོའི་བརྩམས་ཆོས་མང་ཤོས་ནི་རྒྱ་ཆེ་ཞིང་གྲངས་མང་བའི་བོད་ཀྱི་རོང་འབྲོག་མང་ཚོགས་དང་བར་ཐག་རིང་བ་དང་། ཐ་ན་འགའ་རེ་བོད་ཀྱི་རོང་འབྲོག་མང་ཚོགས་དང་གཏན་ནས་འབྲེལ་བ་མེད་པ་ལྟ་བུར་སྣང་། དེའི་ཕྱིར་ན་གཞོན་རྩོམ་མཁན་རྣམས་རོང་འབྲོག་མང་ཚོགས་ནང་ཟབ་ཞུགས་བྱས་ཏེ་འདས་པའི་ལོ་རྒྱུས་དང་གོམས་སྲོལ། ད་ལྟའི་འགྱུར་ལྡོག་དང་གནས་བབས། མ་འོངས་པར་ཁ་ཕྱོགས་གང་ལ་འགྱུར་སྲིད་པ་སོགས་ལ་རྩད་གཅོད་དང་བསམ་གཞིག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད།

  བཞི། དུས་སྐབས་སོ་སོའི་འགྱུར་ལྡོག་དང་གནད་དོན་མཚོན་པའི་བརྩམས་ཆོས་ཉུང་བ།

  རྩོམ་རིག་ནི་དུས་སྐབས་ཤིག་གི་མེ་ལོང་ཡིན་ཟེར་ཡང་ཟེར་ལ་བདེན་ཡང་བདེན། ཡིན་ནའང་ང་ཚོར་དུས་སྐབས་རེ་རེའི་འགྱུར་ལྡོག་གམ་ཡང་ན་འབུར་དུ་ཐོན་པའི་གནད་དོན་རེ་རེ་དངོས་ཤུགས་གཉིས་ལས་གསལ་པོར་མཚོན་པའི་བརྩམས་ཆོས་ཧ་ཅང་དཀོན། དེས་ན་མ་འོངས་པར་རྗེས་རབས་པ་ཚོས་ང་ཚོའི་བརྩམས་ཆོས་ལ་རིན་ཐང་ཇི་ལྟར་གཅོད་པ་དང་། ཐ་ན་རིན་ཐང་ཡོད་མེད་ཤིན་ཏུ་བཤད་དཀའ་མོ་རེད། དཔེར་ན་རྗེས་རབས་པ་ཚོས་བོད་ཀྱི་ལོ་རྒྱུས་ལ་བལྟས་ན་འདི་དང་དེ་འདྲའི་དོན་དག་ཆེན་པོ་བྱུང་མྱོང་མོད། འོན་ཀྱང་རྩོམ་རིག་བརྩམས་ཆོས་ནང་ན་དེ་དག་མཐོང་རྒྱུ་མི་འདུག དེ་དུས་ཀྱི་རྩོམ་མཁན་རྣམས་གཉིད་སོང་བ་མིན་ནམ་ཞེས་འཕྱ་སྨོད་མི་བྱེད་པའི་ངེས་པའང་མེད། རྩོམ་པ་པོས་དཔེ་ཆ་ཀློག་པ་དང་རྩོམ་ཡིག་འབྲི་བའི་དམིགས་ཡུལ་ནི་ཀློག་པ་པོའི་དང་བ་འདྲེན་བའི་ཐབས་རྩལ་ཞིག་བེད་སྤྱད་ནས་བདེན་དོན་བཤད་ཕོད་རྒྱུ་དེ་རེད། དེ་འདྲ་མི་འཇོན་ཚེ་སྒྱུ་རྩལ་ཟེར་ཡང་དོན་དངོས་སུ་རོལ་རྩེད་ཙམ་ལས་མ་འདས།

  གོང་གི་གནད་དོན་དེ་དག་ང་རང་གི་བརྩམས་ཆོས་ནང་ལ་ཐེ་བའི་བོད་ཡིག་གི་བརྩམས་སྒྲུང་བཀླགས་པའི་མྱོང་ཚོར་ཙམ་ཡིན། ཡང་གཅིག་བཤད་ན་ལོ་ངོ་བཞི་བཅུ་ཙམ་གྱི་ནང་ལ་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་གིས་བརྩམས་སྒྲུང་ཟེར་བའི་རྩོམ་སྟངས་ཤིག་གསར་གཏོད་བྱས་ཏེ་རང་མི་རིགས་ཀྱི་དགའ་སྐྱོ་ཆགས་སྡང་བྲིས་པར་འཛམ་གླིང་ཡུལ་གྲུ་སོ་སོའི་ཀློག་པ་པོ་དང་ལོ་ཙཱ་བ། དཔྱད་བརྗོད་པས་དོ་སྣང་དང་གདེང་འཇོག་གནང་བཞིན་ཡོད་པ་དང་། ལྷག་པར་དུ་ང་ཚོའི་བརྩམས་ཆོས་ཉུང་ཤོས་རེ་འཛམ་གླིང་གི་མིང་གྲགས་ཅན་གྱི་བརྩམས་ཆོས་ཁྲོད་དུ་བཞག་ཆོག་ཆོག་གི་ཚད་དུ་སླེབས་ཡོད་པས་ང་རང་བོད་ཀྱི་བརྩམས་སྒྲུང་གི་མདུན་ལམ་ལ་རེ་བ་དང་སྤོབས་པས་ཁེངས་ཡོད།

  ཟུར་དུ་དཔེ་ཀློག་སྐོར་གྱི་ལྟ་ཚུལ་ཅུང་ཙམ་ཞུ་བར་བྱ་སྟེ།

  ངས་སྔོན་ཆད་སྐད་གྲགས་གང་ཆེའི་བརྩམས་སྒྲུང་རྣམས་ཀློག་ཅི་ཐུབ་བྱས་པ་ཡིན། དཔེར་ན་ཧྥ་རན་སི་དང་ཨུ་རུ་སིའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་དང་། ཐ་ན་ཀི་ཏེ་དང་ཞེ་ལེ་སོགས་ཀྱི་སྙན་ངག་ལའང་བལྟས་པ་ཡིན། བར་སྐབས་ཤིག་ལ་ཁ་ཧྥུ་ཁ་དང་མར་རྒིག་སེ་སོགས་ཀྱི་དངོས་ཡོད་ལས་བརྒལ་བའི་བརྩམས་སྒྲུང་ལའང་བལྟས་པ་ཡིན། ད་ལྟ་སྐབས་རེར་དགོས་དབང་དང་དམིགས་བསལ་གྱི་རྒྱ་སྒྲུང་དང་ནུབ་གླིང་གི་བརྩམས་ཆོས་ཅུང་ཤོས་རེ་མ་གཏོགས་སྐད་གྲགས་ཆེ་མིན་ལ་མི་ལྟ་བར་གཙོ་བོ་ང་ཚོ་དང་འབྲེལ་བ་ཡོད་མེད་ལ་བལྟས་ནས་ཀློག་བཞིན་ཡོད། གང་ཡིན་ཟེར་ན་བརྩམས་ཆོས་གྲགས་ཅན་དག་ལ་བཟང་ཆ་ལོས་ཡོད་མོད། འོན་ཀྱང་འགའ་རེ་ནི་ང་ཚོ་དང་འབྲེལ་བ་མི་འདུག ལྷག་པར་རྒྱ་ནག་ནི་རྒྱལ་པོ་གོང་དུ་བཀུར་བའི་ཞིང་ལས་རིག་གནས་ཀྱི་མི་རིགས་ཤིག་ཡིན་པ་དང་། བོད་ནི་ནང་ཆོས་སྲོག་ཤིང་ཡིན་པའི་ཕྱུགས་ལས་རིག་གནས་ཀྱི་མི་རིགས་ཤིག་ཡིན་པས་ཁོ་ཚོའི་སྐད་གྲགས་ཅན་གྱི་བརྩམས་ཆོས་དེ་ང་ཚོར་མཚོན་ན་རིན་ཐང་ཅན་དུ་འདོད་པའི་ངེས་པ་མེད། མ་མཐར་ཡང་བསམ་བློའི་ཆ་ནས་དེ་འདྲ་རེད། ཐ་ན་དེ་དག་ལ་བལྟ་རྒྱུ་མང་ན་ང་ཚོའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཡ་མ་བླ་རུ་མི་འགྱུར་བའི་ངེས་པ་མེད་ལ། ང་ཚོར་བྲན་གཤིས་མི་འགོ་བའི་ངེས་པའང་མེད། དེ་ནི་དཔེར་ན་རྒྱ་མཚོའི་ནང་གི་ཉ་འབུ་དེ་དག་གི་ནང་ན་རིན་གོང་ཧ་ཅང་མཐོན་པོ་ཅན་ཡོད་མོད། འོན་ཀྱང་དེ་དག་ང་ཚོ་བོད་པ་མང་ཤོས་ཀྱིས་ཟ་འདོད་མེད་པ་དང་། ཟོས་ན་ཐོར་ལོག(过敏)བྱེད་ཀྱང་སྲིད་པ་ལྟ་བུ་རེད། དེ་དག་དང་བསྡུར་ན་མྱོང་བརྒྱད་དང་གནས་བབ་སོགས་ང་ཚོ་དང་ཕྱོགས་མང་པོར་འདྲ་ས་ཡོད་པའི་མི་རིགས་ཏེ། ཡུ་གུར་དང་སོག་པོའི་བརྩམས་སྒྲུང་དང་གློག་བརྙན་ལ་བལྟས་ན་ཁོ་ཚོས་བསམ་བློ་ཅི་ལྟར་གཏོང་བཞིན་ཡོད་པ་དང་། གསར་རྩོམ་གྱི་ཆུ་ཚད་ཅི་ཙམ་ལ་སླེབས་ཡོད་པ་སོགས་ཀྱི་ཐད་ནས་ང་ཚོར་ཡང་བློ་སྐྱེད་སྟེར་གྱི་རེད། འདིར་དཔེ་ཞིག་བཞག་ན་སོག་པོའི་རྩོམ་མཁན་ཨ་ཡོན་ཀའི《སྨན་པ་གྲྭ་ཚང》ལྟ་བུ་རེད། བརྩམས་སྒྲུང་དེའི་ནང་གི་མི་མིང་འགའ་རེ་མ་གཏོགས་བོད་ཀྱི་བརྩམས་སྒྲུང་ཞིག་དང་གཉིས་སུ་མ་མཆིས་ལ། སྒྱུ་རྩལ་ཐད་ནས་ཀྱང་ང་ཚོར་སློབ་སྦྱོང་བྱེད་ས་མང་པོ་འདུག ད་དུང་ཁེར་གྷི་སི་ཐན་གྱི་རྩོམ་མཁན་ཨེ་ཐི་མ་ཐོ་ཧྥུའི་བརྩམས་སྒྲུང་རྣམས་རེད། ཁོང་ནི་འཛམ་གླིང་ན་སྐད་གྲགས་ཆེའི་རྩོམ་མཁན་ཡིན་ལ། བརྩམས་ཆོས་དག་ང་ཚོ་དང་ཡང་ཧ་ཅང་བར་ཐག་ཉེ་བའི་ཚོར་སྣང་སྟེར། གཞན་ཡང་ང་ཚོ་དང་རིག་གནས་མི་གཅིག་ནའང་མྱོང་བརྒྱུད་དང་གནས་བབས་འདྲ་ས་ཡོད་པའི་ཨི་རན(伊朗)གི་གློག་བརྙན་མང་པོ་དང་ནུབ་སོག་གི་གློག་བརྙན《རྔ་མོང་དཀར་པོ》དང《ཁྱི་གུ་སེར་པོ》སོགས་ལྟ་བུ་རེད།

  ང་ཚོའི་སྲོལ་རྒྱུན་གྱི་བརྩམས་ཆོས་གྲགས་ཅན་ཏེ《མི་ལའི་རྣམ་མགུར》དང《མི་དབང་རྟོགས་བརྗོད》《རྡོ་རིང་པཎྚི་ཏའི་རྣམ་ཐར》《གླིང་སྒྲུང》སོགས་ལས་གཞན《སྤྲིན་དཀར་ལམ་རྙིང》དང《བོད་མི་གསར་བརྗེ་བ་ཞིག》བཅས་ཀྱི་བོད་འགྱུར་མའི་ཚིག་སྦྱོར་ཡང་ཧ་ལས་པ་ཡག་པོ་ཡིན་པས་ཡང་ཡང་བལྟས་ན་ང་ཚོའི་གསར་རྩོམ་གྱི་བརྗོད་པ་ལ་ཕན་པ་བླ་ལྷག་ཡོད་ངེས་རེད། ད་དུང་ནམ་མཁའ་ནོར་བུའི《བྱང་འབྲོག་གི་ལམ་ཡིག》དང་འཇུ་བཀྲ་ཤིས་བཟང་པོའི《གཉན་པོ་གཡུ་རྩེའི་གནས་ཡིག》སོགས་ནི་རྩྭ་ཐང་གི་བརྩམས་སྒྲུང་འབྲི་མཁན་ཞིག་ལ་མཚོན་ན་མ་བལྟས་ཚད་མེད་ཀྱི་ཚོད་དུ་འདུག་གོ།

  ཐུགས་རྗེ་ཆེ།

                                                                                                                                                            2019.8

རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་གསར་རྩོམ་གྱི་བརྒྱུད་རིམ།

2019-09-27 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།