2020ལོའི་དཔེ་ཀློག

ཁྱུང་ཐར་རྒྱལ།(རྩེ་ཁོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-02-25

  2020ལོ་ནི་ནམ་རྒྱུན་གྱི་ལོ་དང་མི་འདྲ་བར་ཏོག་གསར་གློ་ཚད་ཀྱིས་མིའི་རིགས་ལ་འཇིགས་སྣང་ཆེན་པོ་བསྐུལ་བ་རེད།ཡིན་ནའང་དེ་ཙམ་གྱིས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་།དཔལ་ཡོན་གྱི་དར་སྲོལ་འགོག་མི་ཐུབ།འཛམ་གླིང་གི་མི་བུ་རེ་རེས་རང་རང་གི་ངོས་ནས་འཇིག་རྟེན་ཆེན་པོ་འདིར་སྔར་བཞིན་དཔུང་འཇུག་དང་བསྒྱུར་བཀོད་བྱས་པ་རེད།གཤམ་གསལ་ནི་ཕྲན་ཆུང་མི་བུ་ཆེས་ཕལ་བ་ཞིག་གི་ངོས་ནས་དཔེ་ཀློག་གི་ཟིན་བྲིས་ཙམ་ཡིན།

  1《རླུང་ཁྲོད་ཀྱི་མཆོད་སྦྱིན》ཚེ་རིང་ནོར་བུས་བརྩམས།བློ་བརྟན་གྱིས་སྒྱུར།ཤོག་ངོས561བྱོན།བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2018ལོའི་པར་མ།

  {ནང་དོན་གནད་བསྡུས}སྒྲུང་རིང་འདིའི་ནང་ཞི་འོད་རིན་པོ་ཆེ་དང་ཁོང་གི་དགེ་ཕྲུག་འཇིགས་མེད་དབང་གྲགས།རྡོ་རྗེ་རྒྱལ་མཚན།ལྷོ་བྲག་ནོར་བཟང་སོགས་དང་དེ་མིན་གསེར་ཐང་སྲས་ཆུང་དང་ནོར་དཔལ་ཟུར་གྱི་ཕྱག་མཛོད།ཨ་ཅག་སྒྲོལ་དཀར་སོགས་བརྒྱུད་སེ་ར་དགོན་པའི་གྲྭ་བའི་འཚོ་བ་ནས་བཅིངས་འགྲོལ་སྔ་རྗེས་ཀྱི་མཐོང་ཐོས་དང་།དམངས་གཙོ་བཅོས་སྒྱུར།རིག་གནས་གསར་བརྗེ་སོགས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འོག་མི་སྣ་གཙོ་བོ་འཇིགས་མེད་དབང་གྲགས་ཀྱི་མི་ཚེའི་སྐྱིད་སྡུག་ཞིབ་འབྲི་བྱས་ཡོད།གཏམ་རྒྱུད་ཀྱི་བྱུང་རིམ་ཁ་ཤས་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བཤད་པའི་ཐབས་མཁས་ཀྱི་བརྗོད་པས་ཟུར་བརྒྱན་ཏེ་སྒྲུང་གཏམ་ཧྲིལ་བོའི་སྤྱི་ཁོག་དང་རྗོད་དོན་སོགས་ལ་ཐུན་མོང་མ་ཡིན་པའི་དགེ་མཚན་གྱི་ཆ་ཞིག་མངོན་པར་བྱས་འདུག།

  2《རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་གནད་བསྡུས་ཏེ་གཏན་ལ་ཕབ་པ་བྱང་ཆུབ་ལམ་གྱི་རིམ་པ་བཞུགས་སོ》རྗེ་ཙོང་ཁ་བས་བརྩམས།ཤོག་ངོས337བྱོན།《རྗེ་ཙོང་ཁ་བའི་གསུང་འབུམ་བཞུགས་སོ།》༼ཕ༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1987ལོའི་པར་མ།

  {ནང་དོན་གནད་བསྡུས}རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ།ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས།སྐྱེས་བུ་གསུམ་གྱི་ཉམས་སུ་བླངས་པའི་རིམ་པ་ཐམས་ཅད་ཚང་བར་སྟོན་པའི་བྱང་ཆུབ་ལམ་གྱི་རིམ་པ་དགོན་པ་བ་ནས་སྣེའི་ཟུར་པ་ལ་བརྒྱུད་པ་དང་།སྤྱན་སྔ་པ་ནས་བརྒྱུད་པ་གཉིས་དང་།པོ་ཏོ་བ་ནས་ཤ་ར་བ་ལ་བརྒྱུད་པ་དང་།པོ་ཏོ་བ་ནས་དོལ་པ་ལ་བརྒྱུད་པའི་གདམས་ངག་ཐོས་པ་རྣམས་ཀྱི་དོན།ལམ་རིམ་རྒྱས་པ་ལས་སླར་ཡང་བསྡུས་ཏེ།སྐྱེ་བུ་གསུམ་གྱི་བློ་དང་འཚམས་པར་གསུངས་ཡོད།

  3《གངས་འདབ་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》སྒྲུང་རིང་།སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས།ཤོག་ངོས252བྱོན།སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}འདི་ནི་བོད་ཡིག་གི་ལམ་ནས་བརྩམས་པའི་དེང་རབས་རིང་ལུགས་ཀྱི་སྒྲུང་རིང་ཞིག་ཡིན།ལེའུ་དང་པོ།ཧྥ་རན་སི།ལེའུ་གཉིས་པ།རླུང་།ལེའུ་གསུམ་པ།ལྷ་ས་བཅས་ལེའུ་ཚན་གསུམ་གྱིས་གྲུབ་ལ།ཡུལ་ལྗོངས་དང་སྐྱོ་སྐྱོའི་ཉིན་ཐོ།གཏམ་རྒྱུད།རྩོམ་པ་པོའི་ཆིག་ལབ་བཅས་རྗོད་བྱེད་ཀྱི་ཚན་པ་རེ་རེས་གཏམ་རྒྱུད་ཀྱི་ཁུངས་སྣེ་སྤྲེལ་ཡོད།ཕན་ཚུན་འབྲེལ་བ་ཡོད་ལ་མེད་པ་ལྟ་བུའི་གཏམ་རྒྱུད་རེ་རེ་དང་རྗོད་གཞི་རེ་རེ།ད་དུང་རྨི་ལམ་གྱི་རོལ་རྩེད་དང་རྟོག་བཏགས་ཀྱི་དཀྱིལ་འཁོར།བསྟན་བཤིག་ཚ་བའི་རྩོམ་སྐད་བཅས་ཀྱིས་བརྩམས་སྒྲུང་ཧྲིལ་བོའི་བརྗོད་བྱ་མོག་པོར་བཏང་ལ།ཡུལ་དུས་གཏོར་བའི་ཐབས་རྩལ་གྱིས་ཀློག་མཁན་ཚོར་ཧ་ཅང་གསང་བ་ལྐོག་གྱུར་གྱི་སྦས་ཡུལ་ཞིག་ལུང་དུ་བསྟན་ཡོད།ལྷག་པར་དུ་སྒྲུང་གཏམ་གྱི་སྐད་ཆའི་སྒྱུ་རྩལ་དང་གཏན་ཚིགས་རང་བཞིན་གྱིས་སྒྲུང་རིང་འདིའི་དགེ་མཚན་གཙོ་བོ་མངོན་གྱི་འདུག་སྙམ།

  4《རྒྱ་གླིང་གཏམ་གྱི་ངོ་མཚར་ཕྲེང་བ》རྩོམ་སྒྲིག་པ།བཀྲ་ཤིས་རྒྱ་མཚོ་དང་རྒྱལ་ཐང་ཤེས་རབ།ཤོག་ངོས206བྱོན།མི་རིགས་དཔེ་སྐྲུན་ཁང་།2014ལོའི་པར་མ།

  {ནང་དོན་གནད་བསྡུས}གླིང་སྒྲུང་འདི་འཇོལ་རྫོང་རིག་གནས་ཁང་དང་བདེ་ཆེན་ས་ཁུལ་རིག་གནས་ཁང་གི་ཡིག་ཆ་དང་སྐུ་ཞབས་ཨ་ཐུབ་ཀྱིས་ཉར་ཚགས་ཉར་ཚགས་གནང་པའི་རྒྱ་གླིང་ངོ་མཚར་གཏམ་གྱི་ཕྲེང་བ་གཞིར་བཟུང་ནས་བསྒྲིགས་པ་ཞིག་ཡིན་འདུག་ལ།བདེ་ཆེན་སོགས་སུ་དར་ཁྱབ་ཆེ་ཞིང་།བོད་ཤར་ལྷོའི་གཙང་པོའི་འགྲམ་རྒྱུད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ།

  ནང་དོན་གཙོ་བོ་ནི།གནམ་བསྐོས་ཆེན་པོ་རྒྱ་རྗེ་ཀ་ར་ཀུན་ཀོན་གྱི་བཙུན་མོ་ཉི་མ་ཁྲི་སྐྱིད་ནི་བདུད་མོ་ཞིག་གི་སྐྱེ་མཐའ་ཡིན་ཞིང་།ངེས་པར་དུ་ཐེངས་གཅིག་ཤི་ནས་སླར་གསོན་དགོས་པ་མ་ཟད།སླར་གསོན་རྗེས་སེམས་ཅན་ལ་གནོད་པའི་ལས་བྱེད་ཅིང་།སངས་རྒྱས་ཀྱི་བསྟན་པ་བསྣུབ་པ་དང་འཇིག་རྟེན་ལ་བཀྲ་མི་ཤིས་པའི་རྐྱེན་ངན་སྣ་ཚོགས་འབྱུང་བ་རེད།

  བཙུན་མོ་ཤི་རྗེས་ཡབ་རྒྱལ་པོས་ཁྲིམས་ཤིན་ཏུ་དམ་པོར་བསྡམས་ཤིང་།བཙུན་མོའི་རོ་ཡང་དར་ཟབ་ཀྱིས་བསྒྲིལ་ཏེ་མུན་ཁང་ནང་དུ་དྲོད་མ་ཡལ་བར་བཞག་ཅིང་།མྱ་ངན་ཆེན་པོས་བཙུན་མོ་སླར་གསོན་པར་རེ་བས་བསྒུག སྲས་མོ་ཨ་ཀོང་ཇོས།ང་ཡི་མ་འདི་གཏན་ནས་ལེགས་པོ་ཞིག་མི་འདུག་བསམས་ནས་རྒྱ་ཁྲིམས་ཐར་བུ་མོ་སྤུན་བདུན་ལ་ཨ་མས་ཁ་ཆེམས་བཤད་ལུགས་རྣམས་ཞིབ་པར་བཤད་དེ།ཡབ་རྒྱལ་པོའི་མདུན་དུ་སོང་ནས།བདག་དྲིན་ཅན་མ་ཡི་དགེ་རྩ་ལ་ངེད་ཁྲིམས་ཐར་བུ་མོ་སྤུན་བདུན་དེ་རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྐུ་མདུན་དཀའ་སྤྱད་སྨྱུང་གནས་ཞག་བདུན་གསུམ་ཁྲིམས་ཡངས་གནང་ཐབས་དགོངས་པ་ཞུས་ཏེ་རྒྱ་བྱ་འཆི་མེད་གཙོས་བྱ་སྤུན་གསུམ་ཁྲ་མོ་གླིང་ལ་བཏང་སྟེ་སྐུ་རྗེ་སེང་ཆེན་ལ་གསོལ་འདེབས་དང་སྐྱབས་འཇུག་ཞུས་པ་བཞིན།གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ཡུལ་ལ་ཕེབས་ཤིང་།ཕེབས་ལམ་ནས་མི་ཉག་དབང་དུ་བསྡུས།ཨ་བསྲེ་ཆམ་ལ་ཕབས།ཤང་པའི་བུ་མོ་བཙོན་ལ་བཟུང་ཞིང་།རྒྱ་རྗེ་ཀ་ར་ཀུན་ཀོན་གྱི་མྱ་ངན་བསལ།བཙུན་མོ་རོ་རྡུལ་བཞུས།རྒྱ་ནག་ཆོས་ལ་བཀོད།རྒྱལ་བསྟན་དགུང་དང་མཉམ་པར་བྱས་ཏེ་རྒྱ་བོད་བར་ལ་མཛའ་འབྲེལ་གྱི་གསེར་ཟམ་རིང་མོ་བཙུགས་པའི་ལོ་རྒྱུས་ཀྱི་ཕྲེང་བ་མངོན་པར་བསྟར་ཡོད།།

  5《འབྲོག་རུའི་རྒྱང་འབོད》སྒྲུང་རིང་།བདེ་སྐྱིད་སྒྲོལ་མས་བརྩམས།ཤོག་ངོས273བྱོན།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}སྒྲུང་རིང་འདི་ནི་དཔྱིད་དབྱར་སྟོན་དགུན་བཅས་ས་བཅད་ཆེན་པོ་བཞི་དང་ལེའུ་བཅུ་ཡིས་གྲུབ་ཡོད།རྩོམ་པ་པོས་ཆེས་སྤྱིར་བཏང་གི་བོད་རིགས་བུད་མེད་ཅིག་གི་མཐོང་སྣེ་ནས་རང་ཉིད་ཀྱིས་བརྒྱུད་པའི་འབྲོག་རུའི་འཚོ་བའི་དགའ་སྐྱོ་ཆགས་སྡང་གི་རྣམ་པ་ཞིབ་བརྗོད་བྱས་ཏེ།འབྲོག་མོ་རྣམས་ཀྱི་བློ་དཀར་གཞུང་དྲང་དང་དཀའ་སྤྱད་སྡུག་རུས།བརྩོན་བསྲི་ཁྱིམ་སྐྱོང་བཅས་ཀྱི་བྱ་བར་བསྟོད་བསྔགས་བྱས་ཡོད།སྒྲུང་གི་དངོས་ཡོད་འཚོ་བའི་རང་བཞིན་དང་དམངས་སྲོལ་རིག་གནས།ཐབས་མཁས་ཀྱི་རྗོད་པ་བཅས་ནི་སྒྲུང་འདིའི་དགེ་མཚན་གཙོ་བོར་གྱུར་ཡོད་ལ།དུས་ཚོད་དང་སྤྱི་ཚོགས་ཀྱི་འགྱུར་བས་ཉམས་དམས་སུ་འགྲོ་བཞིན་པའི་འབྲོག་རུའི་ཡུལ་སྲོལ་གོམས་གཤིས་དང་དགའ་ཁ་འཁྱེར་ཕྱོགས།སྲོལ་རྒྱུན་རིག་གནས་ཀྱི་རྐང་ལ་ཟུག་པའི་ཤེས་བྱ་མང་པོ་ཞིག་བཅས་སྒྲུང་རིང་འདིས་བསྐྱར་མངོན་བྱས་ཡོད།།

  6《ཡ་ཧུ་དྭ་བའི་བྱིས་པ་སྐྱོང་ཐབས་ཀྱི་བེའུ་བུམ》སུའུ་ཁྲོན་ལི་ཡིས་གཙོ་སྒྲིག་བྱས།ཞོ་འཛོམས་རྡོ་རྗེ་ཚེ་རིང་གིས་བསྒྱུར།ཤོག་ངོས213བྱོན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ནང་དུ་དཔེ་ཀློག་ཨང་དང་པོར་འཇོག་པའི་ཡ་ཧུ་དྭ་བའི་མི་རིགས་ཀྱིས་བྱིས་པ་ཅི་ལྟར་སྐྱོང་བའི་སྐོར་གྱི་ཐབས་ལམ་སྣ་ཚོགས་ལག་ལེན་དང་དཔེ་ཡིས་སྒོ་ནས་རྒྱས་པར་བསྟན་ཡོད།དེབ་འདིར་བསྡོམས་པས་བྱིས་པ་སྐྱོང་ཐབས་ཀྱི་རིག་པ་དང་ལག་ལེན།གཏམ་རྒྱུད་སོགས་ཚན་པ་སོ་གཉིས་བཀོད་འདུགཚན་པ་རེ་རེས་བྱིས་པ་ཅི་ལྟར་སྐྱོང་བའི་མཐའ་བསྐོར་ཏེ་ཤེས་བྱ་དང་ཉམས་མྱོང་།གཏམ་རྒྱུད་སོགས་གསོན་ཉམས་དོད་པོས་རྣམ་པར་སྤོས་ཡོད།མདོར་བསྡུས་ནས་བཤད་ན་རླངས་ཚང་བསོད་ནམས་རྡོ་རྗེས་དེབ་འདིའི་འགོ་བརྗོད་དུ་གསུང་པ་བཞིན།རྩོམ་ཡིག་རེ་རེ་གནས་ལུགས་ཀྱིས་ཕྱུག་འདུག་པ་མ་ཟད།དཔེ་དེབ་འདིའི་མགོ་འཇུག་བར་གསུམ་དུ་ཁྱབ་ཡོད་པ་ནི།བྱིས་པ་རེ་རེར་རང་ཆས་སུ་མངའ་བའི་དམིགས་བསལ་གྱི་ཁྱད་ཆོས་རེ་ཡོད་པ་ལྟར།ཁོང་ཚོར་རང་ཉིད་ཀྱི་འཇོན་ནུས་ཤེས་མཁན་གྱི་དགེ་རྒན་དང་ཕ་མ་མཁོ་ཞེས་པ་འདི་རེད་ཅེས་གསལ་པོར་བསྟན་པ་བཞིན།དེབ་འདིའི་ནང་ཕ་མ་དང་དགེ་རྒན་སུ་ཡིན་རུང་ཐབས་ལམ་སྣ་ཚོགས་ཀྱིས་བྱིས་པ་རང་རང་གི་དགའ་ཁ་འཁྱེར་ཕྱོགས་ལྟར་བྱིས་པའི་བློ་རིག་དང་འཇོན་ནུས་བསྔོགས་འདོན་བྱེད་རྒྱུ་དེ་གཙོ་བོར་བརྗོད་འདུག།

  7《ང་ནི་ནད་པ་ཞིག་ཡིན》སྙན་དེབ།འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱིས་བརྩམས།ཤོག་ངོས152བྱོན།ཀྲུང་གོའི་རིག་གནས་དཔེ་སྐྲུན་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ནང་སྙན་ངག་པས་རང་གི་དགའ་ཁ་འཁྱེར་ཕྱོགས་དང་བརྩེ་བ་ཡོད་ཚད་སྙན་ངག་ཐུང་གྲས་ཀྱི་ལམ་ནས་ཚོར་བ་རྣོ་ཞིང་ཧ་ཅང་ཐབས་མཁས་ཀྱིས་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་ཡོད།སྙན་དེབ་ཀྱི་ཐོག་མཐའ་བར་གསུམ་དུ་སྙན་ངག་པ་རང་གི་ཕ་ཡུལ་གདའ་ཚང་ལ་བརྩེ་བ་ཟབ་པའི་དོན་སྤྱི་ཞིག་དང་།བརྩེ་དུང་གི་ནད་པ་ཞིག་དང་འདྲ་བར་རང་ཉིད་ལ་འབྲེལ་བ་ཡོད་མེད་ཀྱི་བུ་མོ་དེ་དག་ལ་སེམས་འཁོར་ཞིང་བློས་མི་ཐོངས་པའི་ཧམ་སེམས་ཤིག་ཀྱང་ཞོར་ལ་མངོན་ཡོད།ཚིག་གི་བརྗོད་པ་བདེ་ཞིང་བརྗོད་དོན་ཁ་གསལ་ལ་ཧ་ཅང་གོ་བདེ་ཡིན་པའི་རང་སྟེང་གི་ཁྱད་ཆོས་ཤིག་ཀྱང་མངོན་ཡོད།

  8《མ་སངས་འཕྲུལ་གྱི་རྡེལ་མོ་མངོན་ཤེས་རྣོ་གསལ་སྒྲོན་མེ》མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་དག་སྒྲིག་བྱས།ཤོག་ངོས114བྱོན།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}འདི་ནི་དཔེ་རྙིང་ཞིག་ཡིན་ལ་བོན་གྱི་མོ་དཔེ་སྣ་ཚོགས་ལས་ཞང་ཞུང་ཇུ་ཐིག་གི་འཕྲོ་ནས།མོ་དཔེ་འདི་ཉིད་ཅུང་ཟད་རྒྱས་ལ་ཁ་ཚང་བའི་ལེགས་ཉེས་ཀྱི་བརྡ་ཐབས་སྟོན་པའི་དཔེ་ཆ་རྩ་ཆེན་ཞིག་ཏུ་བརྩི་ཆོགདཔེ་རྙིང་འདིར་སྔོན་འགྲོ་ཐབས་ཀྱི་ལག་ལེན་བཅུ་གསུམ་དང་།དངོས་གཞི་ཤེས་རབ་དཔྱད་དོན་ཉེར་ལྔ་།རྗེས་བྱ་རྟེན་འབྲེལ་བཀྲ་ཤིས་ལྷ་རྒྱལ་གསོལ་བ་སོགས་ལེའུ་ཆེན་པོ་གསུམ་དང་ནང་ཚན་སོ་སོའི་དཔྱད་རྩིས་རྣམ་པར་ཕྱེ་ཞིང་།སྒོས་སུ་ཞིབ་རྩིས་སུམ་བརྒྱ་དང་དྲུག་ཅུ་བསྟན་ཡོད།རྒྱུའི་བོན་ཕྱྭ་གཤེན་གྱི་རྒྱུད་ལས་བྱུང་བའི་རྡེལ་མོ་འདི་ནི“སྲིད་པ་མ་སངས་འཕྲུལ་གྱི་རྒྱལ་པོ་ཡིས།།ཞང་ཞུང་ཡུལ་དུ་ཇུ་ཐིག་གཏན་ལ་ཕབ།།མ་སངས་ཡུལ་དུ་རྡེལ་མོ་གཏན་ལ་ཕབ།།མེ་ཉག་ཡུལ་དུ་སོག་མོ་གཏན་ལ་ཕབ།།”ཅེས་དཔེ་རྙིང་འདི་ལས་གསལ་བར་གསུང་པ་དེ་བཞིན།མོ་དཔེ་འདིའི་རྡེའུ་འབབ་སྟངས་ཀྱི་ཆ་ནས་འགྱུར་བ་ཧ་ཅང་ཆེ་ཞིང་ཞིབ་རྩིས་སུམ་བརྒྱ་དྲུག་ཅུ་ལྷག་ཡོད་པར་བལྟས་ན་བརྡ་ཐབས་སྟོན་པའི་གཞུང་ཁྱད་པར་བ་ཞིག་ཡིན་པ་གཞི་ནས་ཤེས་ཐུབ་བོ།མོ་དཔེ་འདི་ཉིད་གྱེར་སྤུངས་སྣང་བཞེར་ལོད་པོས་གཏེར་དུ་སྦས་ཤིང་།ཕྱིས་སུ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ཟར་གྱི་སྟག་སྣ་རུ་གཏེར་ནས་བཏོན་ཞེས་དཔེ་རྙིང་འདིའི་མཇུག་ཏུ་གསལ་པོར་བྲིས་ཡོད་པ་དེ་བཞིན།མོ་དཔེ་འདི་ཉིད་བརྒྱུད་པའི་རིམ་པ་ཡང་བན་བོན་ཕྱོགས་གཉིས་ནས་བརྒྱུད་པའི་སྲོལ་མཆིས་པ་དང་།སྒོས་སུ་མོ་དཔེ་འདི་ཉིད་ནི་བན་ཕྱོགས་ཀྱི་ཨ་ད་ལྷ་གསས་ནས་ལྷ་རྒྱལ་སོགས་ལ་བརྒྱུད་པའི་མོ་དཔེ་ཞིག་ཡིན་པའང་དེབ་རང་དུ་གསལ་པོར་གསུང་འདུག།

  9《གཡག་གོང་གི་ཚོ་བ》སྙན་ངགམོག་བུ་ཡེ་ཤེས་སྐྱབས་ཀྱིས་བརྩམས།ཤོག་ངོས115བྱོན།སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}སྙན་དེབ་འདི་ནི་ཁྱི་དང་ལ་དང་།གཡག་གོང་གི་ཚོ་བ།ཉི་ཟླའི་འོད་ལ་གཤར་ནས་འབྲོག་མོར་སྙོབ་པ།འབྲོག་པ།སྲིད་པ་གྲིབ་སོའི་གཏམ་དཀར་ནག་བཅས་སྙན་ངག་ལྔ་ཡིས་གྲུབ་ཡོད།སྙན་དེབ་འདིས་འབྲོག་སྐད་ཁོ་ན་བཤད་ཀྱིན་འདུག་ལ།སྙན་ངག་གི་བརྗོད་བྱ་དང་རྗོད་བྱེད།གཏམ་གྱི་འཁྱེར་སོ་སོགས་གང་ཐད་ཀྱང་འབྲོག་པ་ཞེས་པའི་ཐ་སྙད་འདིའི་བཙན་ས་བརྟན་པོར་བཟུང་འདུག འབྲོག་པའི་འཚོ་བ་དང་གཏམ་སྤྱོད།སེམས་ཁམས་སོགས་ཀྱི་ཐད་ནས་ཀྱང་སྐྱས་ལམ་བཏེགས་པའི་འབྲོག་པའི་རིག་གནས་ཀྱི་མར་དྲི་དང་རྩམ་དྲི་མ་ཡལ་བར་བཞེངས་འདུག་ལ།སྙན་ངག་པའི་སེམས་འགྱུ་དང་དེང་རབས་རིང་ལུགས་ཀྱི་མཚོན་ཐབས་སོགས་ཀྱང་གཡག་གོང་གི་ཚོ་བ་ཞེས་པའི་སྙན་དེབ་ཀྱི་ཁ་བྱང་འདི་དང་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་ཡོད།རིག་ལམ་གསལ་ཞིང་རྗོད་པ་བདེ་ལ།དངོས་ཡོད་ཀྱི་འཚོ་བ་སྲོག་ཏུ་བྱས་པའི་དེང་རབས་རིང་ལུགས་ཀྱི་སྙན་དེབ་ཡག་པོ་ཞིག་ཏུ་མཐོང་སོང་།

  10《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》དགེ་འདུན་ཆོས་འཕེལ་གྱིས་མཛད།ཤོག་ངོས503བྱོན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ནང་དུ་མཁས་དབང་ཁོང་ལྷ་ས་ནས་ལམ་དུ་ཆས་ཏེ་རྒྱ་གར་དུ་ཕེབས་པའི་ལམ་བར་གྱི་མཐོང་ཐོས་དང་།ལྷག་པར་དུ་རྒྱ་གར་གྱི་ཡུལ་སྤྱིའི་ཆགས་ཚུལ་དང་མིང་བཏགས་ཚུལ།ཡུལ་གྱི་མིང་བཏགས་ཚུལ།བྱང་ཕྱོགས་ཀྱི་གངས་རི་དང་དེ་ལས་འཕྲོས་པའི་དོགས་དཔྱོད།སྔོན་གྱི་གནས་ཡུལ་གྲགས་ཅན་རྣམས་ཇི་ལྟར་ཡོད་ཚུལ།སྐྱེས་པ་བུད་མེད་བཟའ་བཏུང་ཡོ་བྱད་སོགས་ཀྱི་སྐོར།ཤིང་དང་མེ་ཏོག་སོགས་ཀྱི་ངོས་འཛིན་དང་ངོས་ཇི་ལྟར་འཕྲོད་ཚུལ།སྔོན་དང་ད་ལྟའི་ཡུལ་སོ་སོའི་ཡིག་རིགས།བོད་ཡིག་གི་སྒྲ་སྦྱོར་སྐོར།ཆོས་རྒྱལ་མྱ་ངན་མེད་ཀྱི་ཡི་གེ་རི་ན་ག་རའི་བྲག་ངོས་ལ་བརྐོས་པ།གུཔྟའི་རྒྱལ་རྒྱུད།པཱ་ལའི་རྒྱལ་བརྒྱུད།སངས་རྒྱས་འདས་རྗེས་ཀྱི་ལོ་བརྒྱ་ཕྲག་བཅུ་དྲུག་ནས་ད་བར།སིངྒ་ལའི་ལོ་རྒྱུས་སྐོར།སྔོན་དུས་བོད་པ་རྣམས་ཀྱི་གནས་སྐབས་དང་ཚུལ་ལུགས་ཅི་ལྟར་ཡོད་ལུགས་སྐོར།མུ་སྟེགས་ཀྱི་ཆོས་ལུགས།མཇུག་རྩོམ་བཅས་དོན་ཚན་བཅུ་བདུན་གྱིས་གྲུབ་ཡོད།ཁོང་གི་ཞིབ་ཚགས་ཀྱི་བརྗོད་པ་དང་རིག་ལམ་གྱི་མཐའ་དཔྱོད།བབ་ཆགས་ཀྱི་སྐད་ཆ་བཅས་ཀྱིས་བསྟན་བཅོས་འདིའི་རིན་ཐང་དེ་བས་ཀྱང་མངོན་པར་བྱས་ཡོད།

  11《རྩྭ་ཐང་གི་ཉི་མ》ཨ་ལེགས་ཀྱིས་བརྩམས།གཡང་མོ་མཚོས་བསྒྱུར།དངོས་བྲིས་རྩོམ་རིགཤོག་ངོས253བྱོན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདི་ནི་དངོས་བྲིས་རྩོམ་རིག་གི་རྣམ་པ་སྤྱད་དེ་མཁས་དབང་ཉི་མ་མཆོག་གི་མི་ཚེ་གང་པོའི་མཛད་པ་འཕྲིན་ལས་རྒྱས་པར་བྲིས་ཡོད།མཁས་དབང་ཁོང་ཆུང་དུས་སི་ཁྲོན་གྱི་ལྷ་མོ་ཀིརྟི་དགོན་པ་ནས་རབ་བྱུང་བསྒྲུབ་ཏེ་ཡི་གེའི་འབྲི་ཀློག་སྦྱངས་ཤིང་།རིམ་བཞིན་ཁམས་ཁུལ་དང་ལྷ་ས་སོགས་ལ་ཕེབས་ཏེ་རིག་པའི་གནས་བཅུ་ལ་སྦྱངས་ཤིང་དགེ་བཤེས་ཀྱི་མཚན་བཏགས་བཞེས།དུས་འགྱུར་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཕྱུགས་ནད་འགོག་བཅོས་ཀྱི་བྱ་བ་བསྒྲུབས་པར་མ་ཟད།སྔ་རྗེས་སུ་བཞག་སྡོམ་ལྔ་བདུན་སློབ་གྲྭ་དང་མཛོད་དགེ་རྫོང་ཞིང་འབྲོག་པའི་རིག་གནས་ལག་རྩལ་སློབ་གྲྭ་སོགས་གསར་འཛུགས་གནང་ཞིང་སློབ་མ་སྟོང་ཕྲག་ལྔ་ལྷག་བསྐྱངས།ཁོང་གིས་མི་ཚེ་གང་པོར་ཕྱུགས་སྨན་ལག་ལེན་གནང་ཞིང་དེའི་སྐོར་གྱི་བསླབ་དེབ་ཀྱང་མང་པོ་བརྩམས།པོད་དགུ་ཡི་བདག་ཉིད་ཀྱི་མཛོད་དགེ་ཉི་མའི་གསུང་འབུམ་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས།

  12《མཚན་མོ》སྒྲུང་གཏམ།ཨེ་ལི་ཝེ་བཟེལ་གྱིས་བརྩམས།པད་མ་འབུམ་གྱིས་བསྒྱུར།ཤོག་ངོས234བྱོན།ལ་རྩེ་དཔེ་མཛོད་ཁང་།༢༠༡༩ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ནང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇེའུ་མི་རིགས་ལ་གོད་ཆག་བྱུང་ཚུལ་བརྗོད་ཡོད།དེབ་འདིའི་རྩོམ་པ་པོ་ཨེ་ལི་ཝེ་བཟེལ་ནི་རང་གི་ཁྱིམ་མི་དང་ལྷན་དུ་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་འཇར་མན་གྱི་ན་ཚི་ཡི་གདུག་རྩུབ་ཅན་གྱི་བཙོན་སྒར་ཨོ་ཤི་ཝི་ཚི་ཞེས་པ་དང་བྷུཁེན་ཝལད་གཉིས་སུ་བསྐྲད།དེར་ཁོང་གི་ཕ་མ་གཉིས་དང་སྲིང་མོ་ཆུང་བ་བཅས་ཤི།《མཚན་མོ》ཡིས་འཇར་མན་གྱི་ན་ཚི་བའི་མི་གཤིས་བྲལ་བའི་རྩུབ་སྤྱོད་དང་འཇེའུ་མི་རིགས་ཀྱི་ཉམ་ཆུང་ནུས་མེད་ཀྱི་གནས་ཚུལ་རྣམས་འདས་དོན་ཕྱིར་དྲན་གྱི་ཚུལ་དུ་བྲིས་ཡོད་ལ།དྲན་ཐོ་འདིའི་ནང་དུ་བཙོན་སྒར་དེ་གཉིས་ཀྱི་ཡ་ང་སྙིང་རྗེ་མེད་པའི་མནར་གཅོད་གཏོང་སྟངས་རྣམས་རི་མོ་ཇི་བཞིན་བྲིས་པ་དང་།དེ་འདྲའི་གནས་སྟངས་འོག་ཏུ་འགྲོ་བ་མི་ཟེར་བ་འདིའི་རྩ་བའི་བླང་དོར་གྱི་རྣམ་གཞག་དང་།དདཔ། མི་གཤིས། ཐ་ན་ཕ་མ་བུ་ཕྲུག་གི་འབྲེལ་བའི་འདུ་ཤེས་དེ་དག་རྩོམ་པོ་རང་སྟེང་དང་བཙོན་གྲོགས་གཞན་པའི་སྟེང་ནས་ཡོ་འཁྱོམ་དང་གཡོ་ཟོལ་ཅི་ཡང་མེད་པར་བྲིས་ཡོད།དེབའདི་འཛམ་གླིང་གི་སྐད་རིགས་སུམ་ཅུ་ཙམ་ལ་ཕབ་སྒྱུར་བྱས་པ་དང་ཨ་རི་ཁོ་ནར་དེབ་གྲངས་བྱེ་བ་གཅིག་ཙམ་བྲིན་པར་བཤད།

  13《མི་ཆུང་མགྲིན་རོལ་གཏམ་གྱི་དོ་ཤལ》སྒྲུང་གཏེར་བ་ཨོ་རྒྱན་བསྟན་འཛིན་གྲགས་པས་ཕབ།ཤོག་ངོས210བྱོན།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2017ལོའི་པར་མ།

  {ནང་དོན་གནད་བསྡུས}གླིང་སྒྲུང་འདིའི་ཁ་བྱང་ཆ་ཚང་ལ《གླིང་གེ་སར་རྒྱལ་པོའི་སྒྲུང་ལས།ངྷ྄ིའ་བམ༠。ཝེར་མའི་ཆོས་མཛོད་ལས།མི་ཆུང་ཁ་བདེའི་ངག་རིག་གཏམ་གྱི་རོལ་མོ་དག་སྣང་རིན་ཆེན་དོ་ཤལ་བཞུགས་སོ》ཟེར།དེབ་འདིའི་སྔོན་འགྲོ་ལྟ་བུར་སྒྲུང་གཏེར་བ་འདིའི་ལོ་རྒྱུས་མདོར་བསྡུས་ཤིག་བཅར་འདྲིའི་ཚུལ་དུ་བཀོད་ཡོད་ཅིང་།སྒྲུང་ཧྲིལ་པོའི་ནང་དོན་ནི།གེ་སར་རྒྱལ་པོ་རྒྱུན་ཏུ་སྐུ་མཚམས་ལ་བཞུགས་ཏེ།ནག་ཕྱོགས་བདུད་རིགས་འདུལ་བའི་འཕྲིན་ལས་བཏང་སྙོམས་སུ་བཞག་པས།ལྷ་དང་བླ་མ།སྤྱི་དཔོན་ཁྲ་རྒན་སོགས་གླིང་གི་དཔའ་ཐུལ་མང་པོས་ཞབས་བརྟན་དང་དང་བསྟན་བཞུགས་རྒྱ་ཆེར་ཕུལ་ཞིང་ཚེ་ལོ་མཐར་ཕྱིན་གྱི་དགའ་སྟོན་རྒྱ་ཆེན་པོ་བཤམས་པའི་སྐབས་སུ།ཁྲོ་ཐུང་གིས་རང་ཆེ་རང་བསྟོད་ཀྱི་གླུ་ཁོ་ན་བླངས་པས་མི་ཆུང་དང་ཁོང་གཉིས་བར་ཁ་རྩོད་ཤོར་ཞིང་།ལོ་རྒྱུས་དང་གཏམ་རྒྱུད།གཏམ་དཔེ།གབ་ཚིག་སོགས་སུ་མཁས་འགྲན་རྩོད་བྱས་ཤིང་།མཐར་སྤྱི་དཔོན་གྱིས་ལེགས་བཤད་ཀྱི་སྒོ་ཕྱེས་ཏེ་སྤྱི་དཔོན་དང་མི་ཆུང་།ཁྲོ་རྒྱལ་སོགས་ཀྱིས་ལེགས་བཤད་ཚིགས་བཅད་བརྒྱ་གསུང་ཏེ་བསླབ་བྱ་མང་དུ་བྱས་པ་སོགས་གཙོ་བོར་བཀོད་ཡོད།ཁོ་བོར་མཚོན་ན་སྒྲུང་དཔེ་འདི་ནི་སྒྲུང་དཔེ་སྔོན་མ་རྣམས་དང་ཅུང་མི་འདྲ་བར་བརྗོད་བྱའི་ཁྱབ་རྒྱ་གུ་དོགས་ཤིང་།རྗོད་བྱེད་ཚིག་སྦྱོར་ལ་འང་སྒྲུང་དཔེ་སྔོན་མ་དག་གི་ལྷོད་ཤ་ཐོན་མེད་པར་མ་ཟད།ས་ཕུན་ཚོགས་གདན་གདུགས་བཀྲ་བ་ལྟ་བུ་དང་ཆོས་དཀར་བསྟན་སྤེལ་ལྟ་བུའི་བསྡུས་ཚིག་ཐལ་དྲེགས་པའི་དབང་གིས་དེ་འདྲའི་ཀློག་བདེ་བ་ཞིག་ཏུ་མི་སྣང་ངོ་།ལྷག་པར་དུ་སྒྲུང་མཁན་ཁོང་གིས།“་་་་་་ང་ལ་མཚོན་ན་རིག་གནས་ཀྱི་ཡོན་ཚད་ཞན་པ་དང་ལས་ཀ་ལ་བྲེལ་མྱུར་ཆེ་བའི་དབང་གིས་དེབ་འདི་རྣམས་ཀྱི་ནང་དུ་ཡིག་ནོར་ཤོར་བ་སོགས་ཚིག་དོན་གང་ཅིའི་ཐད་ནས་ནོར་འཁྲུལ་མི་ཉུང་བ་ཡོད་སྲིད་་་་་་”ཞེས་གསུང་པ་ལྟར་དངོས་གནས་ཡིག་ནོར་གྱིས་གང་འདུག་ཏེ།བདག་གིས་རགས་རྩིས་ཙམ་བྱས་པར་དེབ་འདིའི་ནང་བསྡོམས་པས་ཡིག་ནོར330ལྷག་ཤོར་ཡོད་པས་དངོས་གནས་ཡིད་སྐྱོ་བ་ཞིག་བྱུང་།

  14《བྱང་འབྲོག་གི་ལམ་ཡིག》ཆོས་རྒྱལ་ནམ་མཁའ་ནོར་བུས་བརྩམས།ཤོག་ངོས164བྱོན།ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདི་ནི་རྩོམ་པ་པོ་ཁོང་སྤྱི་ལོ༡༩༥༣ལོར།བོད་ཤར་ཕྱོགས་ཀྱི་འབྲོག་སྡེ་རྫ་ཆུ་ཁའི་མངའ་ཁོངས་ཡོངས་རྫོགས་དང་།གསེར་ཐའི་མངའ་ཁོངས་བཅས་སུ་ས་ཁྱོན་སྤྱི་ལེ༡༦༠•༠༠༠ཙམ་གྱི་ས་གནས་ཁག་ཏུ་འགྲུལ་བཞུད་བྱས་པའི་ཟིན་ཐོ་ལགས་ཤིང་།གཙོ་བོ་འབྲོག་ཁུལ་གྱི་སྡོད་གནས་དང་།ཟས་གོས།རྒྱན་ཆ།སྤྱོད་ལམ།རྟེན་འབྲེལ།རིག་གནས།རྩེད་འཇོ།དགོན་སྡེ།བཤད་སྒྲུབ།ཡུལ་སྲོལ་གོམས་གཤིས་སོགས་ཇི་མ་ཇི་བཞིན་བཀོད་ཡོད་པས་ཉེ་བའི་བྱང་འབྲོག་གི་རིག་གནས་དང་ཡུལ་སྲོལ་གོམས་གཞིས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན་པ་རེད།

  15《འབྲུག་སྒྲ》ཌ་ཡ་ན་ཇེ་སྨུག་པོས་ཁ་རོ་ལིན་རོ་སི་ཇི་མེན་དང་ལྷན་དུ་བརྩམས།པདྨ་ཚེ་དབང་ཤཱསྟྲིས་བསྒྱུར།ཤོག་ངོས713བྱོན།ལ་རྩེ་དཔེ་མཛོད་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ཁ་བྱང་ཆུང་བའི་མིང་ལ་ཆོས་རྒྱམ་དྲུང་པ་དང་ལྷན་དུ་བསྐྱལ་བའི་ངའི་མི་ཚེ་ཟེར།ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ནི་སྤྱི་ལོ1940ལོར་བོད་ཀྱི་ཁམས་ཁུལ་དུ་འཁྲུངས་ཤིང་།1959ལོར་རྒྱ་གར་དུ་ཕེབས་པ་དང་།1963ལོར་དབྱིན་ཡུལ་དུ་བསྐྱོད་དེ་ཨོག་སི་ཧྥོརད་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་དང་།ནུབ་ཕྱོགས་པ་སྟོང་ཕྲག་དུ་མར་ནང་ཆོས་ངོ་སྤྲོད་གནང་།ཀྲུའུ་ཞི་མའོ་ཙེ་ཏུང་ལ་ཡིད་ཆེས་དང་རེ་བ་མཐོན་པོ་འཛིན་མཁན་ཞིག་ཡིན།1969ལོར་ཁོང་གི་བརྩམས་ཆོས《སྒོམ་སྒྲུབ》ཞེས་པ་པར་སྐྲུན་གནང་པ་དང་།1970ལོར་ཨ་རིར་གནས་སྤོར་བྱས།1973ལོར་བརྩམས་ཆོས《ཆོས་མིན་གཅོད་པ》ཞེས་པ་དང་།1984ལོར་བརྩམས་ཆོས《ཤམྦྷ་ལ།དཔའ་བོའི་ལམ་མཆོག》སོགས་གྲགས་ཆེ་བའི་ནང་ཆོས་དང་འབྲེལ་བའི་གསུང་རྩོམ་དེབ་གྲངས་བཅུ་ཕྲག་ལས་མང་བ་པར་སྐྲུན་གནང་།1970ལོར་ཌ་ཡ་ན་ཕི་བྷ་སི་ཞེས་པའི་དབྱིན་ཇིའི་གཞོན་ནུ་མ་ལོ་བཅུ་དྲུག་ཅན་ཞིག་དང་གཉེན་སྒྲིག་བྱས་ཤིང་སྲས་བཞི་འཁྲུངས་པ་ཚང་མ་དམ་པ་གོང་མ་དག་གིས་སྤྲུལ་སྐུར་ཐུགས་ཐག་བཅད།སྔ་རྗེས་སུ་ཨ་རི་དང་ཁེ་ན་ཌ།ཡོ་རོབ་བཅས་སུ་ཆོས་ཚོགས་མང་པོ་བཙུགས་ཤིང་།བྱང་ཨ་རིར་ནང་བའི་གཙུག་ལག་སློབ་གཉེར་ཁང་དང་པོ།ནཱ་རོ་པ་མཐོ་སློབ་ཀྱང་བཙུགས་གནང་ཡོད།དེའི་སྟེང་དུ་འཛམ་གླིང་ཁྱོན་ཡོངས་ནས་གདུལ་བྱ་མང་པོ་བསྐྱངས་ཤིང་།སྙན་ངག་པ་ཨ་ལེན་གྷིན་སི་བྷག་ཐེ་བའི་སྐབས་དེའི་སྒྱུ་རྩལ་པ་གྲགས་ཅན་འགའི་བཤེས་གཉེན་དང་མཛའ་གྲོགས་སུ་འང་གྱུར།ཁོང་ནི་ནུབ་ཕྱོགས་སུ་ནང་ཆོས་སྤེལ་བའི་བོད་ཀྱི་བླ་མ་དང་པོར་བསྔགས་ཤིང་།ཁོང་གི་མཛད་རྗེས་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་དུ་ཆོས་སྤེལ་བའི་མཛད་རྗེས་དང་མཉམ་པར་སྨྲ་མཁན་ཡང་ཡོད་པར་གྲགས།ཁོང་གི་གསང་ཡུམ་ཌ་ཡ་ན་ཇེ་སྨུག་པོ་ནི་ནུབ་ཕྱོགས་ཀྱི་རྟ་འདུལ་སྦྱོང་ལ་སྦྱངས་བ་མི་དམན་པ་ཐོབ་པ་ཞིག་ཡིན་ལ།ཁོང་གིས་རླུང་རྟ་ཞེས་པའི་རྟ་འདུལ་སྦྱོང་གི་ལྟེ་གནས་ཤིག་བཙུགས་ཤིང་།ཨ་རི་དང་ཁེ་ན་ཊ་ཡི་ཡུལ་གྲུ་མང་པོར་འགྲུལ་སྐྱོད་ཀྱིས་རྟ་འདུལ་སྦྱོང་གི་སློབ་ཁྲིད་དང་ལམ་སྟོན་གནང་གི་ཡོད།དེབ་འདིའི་ནང་གཙོ་བོ་ཆོས་རྒྱམ་དྲུང་པ་རིན་པོ་དང་གསང་ཡུམ་ཌ་ཡ་ན་ཇེ་སྨུག་པོ་གཉིས་ཀྱི་ལོ་རྒྱུས་སྐོར་ཅུང་ཞིབ་ཚགས་སུ་བཀོད་འདུག ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ནི་སྤྱི་ལོ1987ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

  16《སྤྱི་ཚོགས་རྣམ་བཤད》དཔལ་ལྡན་ཉི་མས་བརྩམས།སྒྲོལ་མ་སྐྱབས་ཀྱིས་བསྒྱུར།ཤོག་ངོས173བྱོན།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}དཔེ་དེབ་འདི་སྒྱུར་མཁན་གྱིས“ཀློག་མཁན་དག་གིས་དཔེ་ཆ་འདི་སྤྱི་ཚོགས་རིག་པའི་གཞུང་ལུགས་ཤིག་གི་ཆ་ལ་བཞག་ནས་མི་ཀློག་པར།དཔེ་ཆ་འདི་དགེ་རྒན་དཔལ་ལྡན་ཉི་མའི་འཆད་ཁྲིད་ཅིག་གི་ཆ་ལ་བཞག་ནས་ཀློག་པའི་རེ་བ་ཡོད”ཅེས་གསུངས་པ་ལྟར།དཔེ་ཆ་འདི་ནི2017ལོའི་ཟླ2པར་སྒྲ་འཇུག་བྱས་པའི་བཤད་ཁྲིད་ཅིག་ཏེ་ཕྱིས་སུ་ཡི་གེར་ཕབ་པ་ཞིག་ཡིན་འདུགདེབ་འདིའི་ནང་སྤྱི་ཚོགས་དང་སྤྱི་ཚོགས་རིག་པ།སྤྱི་ཚོགས་རིག་པར་དབྱེ་ཞིབ།རིག་གཞུང་ཞེས་པ་ཅི་ཞིག་ཡིན་པའི་སྐོར།ལྷན་སྐྱེས་གོ་བབ་དང་།རྗེས་བྱུང་གོ་བབ།རང་སྟོབས་གོ་བབ་བཅས་ཀྱི་གོ་དོན།ཡུལ་དུས་ཀྱི་ལྟ་བ་དང་།ད་དུང་ཆོས་ལུགས་དང་དཔལ་འབྱོར།ཆབ་སྲིད།ཁྲིམས་ལུགས་བཅས་སྤྱི་ཚོགས་ཀྱི་ཀ་ཆེན་བཞི་དང་ཀ་ཆེན་བཞི་འགྱུར་བྱེད་ཀྱི་རྒྱུ་སོགས་ཞིབ་པར་གླེང་ཡོད་པར་མ་ཟད།མིའི་རིགས་སྤྱི་ཚོགས་ནང་གི་བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ནི་ཅི་འདྲ་ཞིག་ཡིན་པར་གསལ་བཤད་དང་།བོད་མིའི་སྲོལ་རྒྱུན་གྱི་ཕུགས་བསམ་སྤྱི་ཚོགས་ནི་ཅི་འདྲ་ཞིག་ཡིན་པ་དང་།ཕུགས་བསམ་སྤྱི་ཚོགས་ནང་གི་འདྲ་མཉམ་འདུ་ཤེས།འདུ་ཤེས་དེ་ད་ལྟ་གང་ནས་མངོན་འགྱུར་བྱུང་ཡོད་པ་སོགས་ལ་བགྲོ་གླེང་བྱས་ཡོད་ཅིང་།དེབ་འདིའི་ནང་གཙོ་བོ་དཔལ་ཡོན་གྱི་གྲུབ་ཚུལ་དང་རྣམ་པ་བཤད་འདུག

  17《རྟོགས་བརྗོད་གཡུ་ཡི་མེ་ཏོག》རྩེ་གཞུང་ཡ་མ་ཐར་གྱིས་བརྩམས།ཤོག་ངོས63བྱོན།ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ནང་༧ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བརྒྱད་པ་རིན་པོ་ཆེ་བླ་སྤྲུལ་དགེ་བཤེས་དགེ་འདུན་སྟོང་ཕྲག་དང་བཅས་པ་བཀྲ་ཤིས་ཉམས་དགའ་རྩེ་གཞུང་སའི་ཆར་དབྱར་སྟོན་དུ་ཕེབས་པའི་ཚུལ་སྙན་ངག་གི་ལམ་ནས་མངོན་པར་སྤྲོས་ཡོད།དེབ་འདིར༧ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་འཁྲུངས་རབས་སྔོན་མ་རྣམས་ཀྱི་རྟོགས་པ་བརྗོད་པ་དང་།གདུལ་ཞིང་གསེར་མོ་ལྗོངས་ཀྱི་ཁྱད་ཆོས་བརྗོད་པ།བླ་མའི་འཁྲུངས་རབས་དངོས་ཀྱི་རྟོགས་པ་བརྗོད་པ།གདན་ས་རོང་བོ་དཔལ་གྱི་དགོན་ཆེན་གྱི་ཁོར་ཡུག་ལེ་ལག་དང་བཅས་པའི་ཁྱད་ཆོས་དང་།རྩེ་གཞུང་ཕྱོགས་སུ་ཕེབས་པར་ཞལ་བཞེས་གནང་བ།༧རྗེ་བླ་མའི་གདུལ་ཞིང་རྩེ་གཞུང་ས་ཡི་དགེ་མཚན་བརྗོད་པ།སོ་ནག་དགོན་བཀྲ་ཤིས་ཆོས་གླིང་དུ༧ཡབ་རྗེ་བླ་མར་ཕེབས་བསུའི་སྟ་གོན་བྱས་པ།༧ཡབ་རྗེ་བླ་མ་སྤྲུལ་འཁོར་དང་བཅས་པར་ཆིབས་བསུ་བྱེད་པའི་རྣམ་པ་བརྗོད་པ།༧འཕགས་པ་ཕྱག་ན་པདྨོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་འཁོར་བླ་སྤྲུལ་ལྷ་རམས་དགེ་བཤེས་དགེ་འདུན་སྟོང་ཕྲག་དང་བཅས་པ།བཀྲ་ཤིས་ཉམས་དགའ་རྩེ་གཞུང་སའི་དབྱར་སྟོན་དུ་ཕེབས་པའི་རྟོགས་པ་བརྗོད་པ་བཅས་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་སུ་ཕྱེས་པའི་ཡལ་འདབ་བརྒྱད་ཀྱིས་གྲུབ་ཡོད།སྙན་ངག་གི་ཚིག་སྦྱོར་བདེ་ཞིང་ཟོར་ཡངས་ལ་བརྗོད་པ་གནད་དུ་ཐིངས་ཤིང་།ཚོར་བ་དང་སྤྲོས་བརྗོད་སོགས་ལ་སྲོལ་རྒྱུན་སྙན་ངག་གི་ཉམས་དང་འགྱུར་བ་མངོན་པར་ཐོན་ཡོད།

  18《གློའུ་མོ》འབྲོག་སྐྱ་བོས་བརྩམས།ཤོག་ངོས203བྱོན།ཡུན་ནན་རིག་གནས་སྒྱུ་རྩལ་པར་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}འདི་ནི་ཚན་པ་ཆིག་བརྒྱ་བཅོ་ལྔས་གྲུབ་པའི་སྙན་ངག་རིང་པོ་ཞིག་ཡིན།ན་གཞོན་ཕོ་མོ་གཉིས་ཀྱི་ཆུང་བྱིས་པའི་དུས་ནས་སློབ་ཆུང་དང་སློབ་འབྲིང་བརྒྱུད་པའི་རྣམ་དག་གི་བརྩེ་བ་དང་དགའ་སྐྱོ་ཡི་འཚོ་བ་གླུ་རུ་བླངས་ཡོད།ཕྱིས་སུ་སློབ་ཆེན་ལ་རྒྱུགས་མ་འཕྲོད་པར་ས་མཐར་འཁྱམས་ཤིང་།ཆེས་མཐའ་མར་ཅིས་ཀྱང་ཕན་ཚུན་ཁ་འབྲལ་དགོས་བྱུང་ཚུལ་ཞིབ་བརྗོད་བྱས་ཡོད།སྙན་ངག་འདིས་ཕལ་སྐད་རང་བཞིན་དང་ཁ་བརྡའི་རྣམ་པས་རྩོམ་ལུས་ཧྲིལ་བོར་གཏམ་རྒྱུད་ཅིག་འཆད་ཡོད་ལ།བརྩེ་བ་དང་དུངས་ཚོར་རྣལ་མས་ཁྱོད་རང་སེམས་འགུལ་ཐེབས་སུ་འཇུག་ངེས།ཡིན་ནའང་སྙན་ངག་ཧྲིལ་བོ་ཁ་བརྡ་ལྟར་སོང་བས་སྙན་ངག་གི་དབྱངས་འགྲོས་དེ་འདྲ་གསལ་བོ་མིན་པར་ཆགས་འདུག་སྙམ།སྙན་ངག་གི་འགན་ཁུར་ནི་ཀློག་མཁན་ལ་ཚོར་བ་རྐྱང་རྐྱང་ཞིག་སྟེར་རྒྱུ་དེ་ལས་གཏམ་རྒྱུད་འཆད་རྒྱུ་དེ་མིན་པར་འདོད་མོད།གང་ལྟར《གློའུ་མོ》ཞེས་པའི་སྙན་དེབ་འདིས་གཏམ་རྒྱུད་འཆད་ཀྱིན་འདུག

  19《ཚེས་མི་ཐུབ་པའི་ཟླ་བ》འབྲོག་བུ་དཀོན་བཀྲས་བརྩམས།ཤོག་ངོས191བྱོན།ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདི་ནི་ཚིགས་བཅད་དང་རང་མོས་སྙན་ངགགླུ་ཚིག་བཅས་ཁག་གསུམ་གྱིས་གྲུབ་པའི་སྙན་དེབ་ཞིག་རེད།སྙན་ངག་པས་ཧ་ཅང་གོ་སླ་བ་དང་ཚིག་སྦྱོར་བདེ་ལ་བབ་ཆགས་པའི་ངང་རང་ཉིད་དང་།ཡང་ན་རང་ཉིད་ལ་གཏོགས་པའི་འཚོ་བ་ངོ་མ་དེ་མཚོན་པར་བྱས་ཡོད།སྙན་ངག་པའི་ཡིད་འགྱུར་དང་རྗོད་པ།རྟོག་ཡུལ་བཅས་ལ་རང་གི་ཐུན་མོང་མ་ཡིན་པའི་རང་ཆས་ཤིག་མངོན་པར་གསལ་ཡོད།

  20《འཁོར་བ》རོང་བོ་དགེ་འདུན་ལྷུན་གྲུབ་ཀྱིས་བརྩམས།ཤོག་ངོས180བྱོན།ཡུན་ནན་གློག་རྡུལ་དཔེ་སྐྲུན་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}སྙན་དེབ་འདིའི་ནང་མཆོད་བརྗོད་བརྩིས་པའི་ཚིགས་བཅད་སྙན་ངག་དང་རང་མོས་སྙན་ངག་ཆིག་བརྒྱ་དང་བཞི།བཙན་གཡར་ཟིན་བྲིས་ལས་སྙན་ངག་དང་འབྲེལ་བའི་ཟིན་བྲིས་བཞི་བཅས་བསྡོམས་པས་བརྩམས་ཆོས་བརྒྱ་དང་བརྒྱད་བསྡུས་འདུགགྲྭ་བ་ཞིག་གི་ངོས་ནས་གླེང་ན་འདི་ནི་ཁོང་གི་ཕྱག་ཕྲེང་གི་ཕྲེང་རྡོག་གི་གྲངས་དང་མཉམ་པ་རེད།སྙན་ངག་གི་ཚིག་གི་སྦྱོར་བ་དང་།དཔེ་དོན་སྦྱོར་ཚུལ།བསམ་བློའི་འཁྱེར་སོ་སོགས་ལ་མི་སྒེར་བའི་ཁྱད་ཆོས་ཤིག་མངོན་པར་གསལ་བ་མ་ཟད།བརྗོད་བྱ་དོན་གྱི་ནམ་མཁའ་རུ་ཚོར་བའི་སྤྲིན་དཀར་ལང་ལོང་འཕྱུར་བས།ཀློག་མཁན་རྣམས་ལ་རང་ཉིད་ཀྱི་ཀུན་རྟོག་འགྱུ་སའི་འཆར་ཡན་གྱི་ཁོངས་ཡངས་པོ་ཞིག་ཕྱེས་འདུགལྷག་པར་དུ་སྙན་ངག་པའི་བློས་བསླངས་དང་ཡིད་འགྱུར་གྱི་བརྗོད་པ།རྟོག་ཡུལ་གྱི་མཛེས་པ་སོགས་ལ་ང་ཚོས་སློབ་སྦྱོང་བྱེད་དགོས་པའི་ཁྱད་ཆོས་མང་པོ་འདུག

  21《སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་སྤོས་ཆུའི་རྒྱ་མཚོ་ལས་མཛད་པ་ཐ་མའི་ཞལ་གདམས་བཞུགས་སོ》པ་རུ་རྒྱལ་བློ་ནས་བཤད།ཚུལ་ཁྲིམས་ཀྱིས་བསྡུ་སྣོན་དང་ལེགས་སྒྲིག་བྱས།ཤོག་ངོས107བྱོན།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1994ལོའི་པར་མ།

  {ནང་དོན་གནད་བསྡུས}གླིང་སྒྲུང་འདི་ནི་ལེའུ་ལྔ་ཡིས་གྲུབ་ཡོད།ནང་དོན་གཙོ་བོ་ནི་གླིང་རྗེ་གེ་སར་རྒྱལ་བོ་ཁོང་གི་མཛད་པ་ཐ་མའི་སྐབས་སུ་ཁྲ་མོ་གླིང་དཀར་སྟོད་ཀྱི་རྒྱལ་སྲིད་ཕུ་བོ་རྒྱ་ཚ་ཞལ་དཀར་གྱི་སྲས་དགྲ་ལྷ་རྩེ་བརྒྱད་ལ་གཏད་དེ་དབང་བསྐུར་བ་དང་།རོང་ཚ་འཕགས་པ་དམར་ལེབ་ཀྱི་སྲས་འབུམ་པ་སྟོབས་ལྡན་དམག་དཔོན་ལ་བསྐོས།བློན་ཆེན་ཚ་ཞང་འདན་མ་འདན་ཡུལ་དུ་ཕེབས་པར་ཐུགས་མ་བདེ་བར་ཁོང་འདན་ཡུལ་དུ་ཕེབས་ནས་ཐུགས་ཕྲད་དང་རྟེན་སྐལ་གནང་ནས་ཕྱིར་ཕེབས།རྟ་མཆོག་རྐྱང་རྒོད་ཧེར་བ་དང་།ལྷ་མདའ་དཀར་མོ་ཐང་ཆེན།རལ་གྲི་རྡུལ་གཅོད་སྐྱེམས་འབར་སོགས་རིམ་བཞིན་ལྷ་ཡུལ་དུ་གཤེགས་པས་སྐྱེས་མཆོག་སེང་ཆེན་རྒྱལ་བོ་ཁོང་གིས་ཀྱང་གླིང་གི་ལྷ་སྡེ་དང་སྨོན་ལམ་ཐེབས་པའི་སྐྱེ་འགྲོ་ཡོངས་ལ་བདེ་ཆེན་ཞིང་བགྲོད་དང་རིགས་དྲུག་གནས་འདྲེན་གྱི་ཆེས་ཐ་མའི་སྨོན་ལམ་བཏབ་རྗེས།འབྲུག་མོ་དང་མགར་བཟའ་ཆོས་སྒྲོན་གཉིས་ཀྱང་སྐུའི་གཡས་གཡོན་དུ་ཁྲིད་དེ་རིམ་བཞིན་ནམ་མཁར་འཕགས་ཤིང་སྐུ་ལུས་འཇའ་འོད་ཀྱི་ཕུང་པོར་གྱུར་ཏེ།དག་པ་མཁའ་སྤྱོད་དུ་གཤེགས་པའི་སྐོར་གསལ་བོར་བརྗོད་ཡོད།གླིང་སྒྲུང་འདི་ནི་དམངས་ཁྲོད་ཀྱི་བབས་སྒྲུང་སོགས་དང་མི་འདྲ་བར་མཁས་པས་ཐད་ཀར་བརྩམས་པའི་ཁྱད་ཆོས་འདུག་སྟེ།ཚིག་རྒྱན་དང་དཔེ་རྒྱན་སོགས་ཕྱོགས་གང་གི་ཐད་ནས་ཀྱང་སྔོན་བྱོན་མཁས་པས་བརྩམས་པའི་སྙན་ངག་གི་ཁྱད་ཆོས་མངོན་པར་གསལ་ཏོ།

  22《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》རེ་རྐང་གླིང་གིས་བརྩམས།ཤོག་ངོས258བྱོན།རྒྱལ་སྤྱིའི་ཀློག་དེབ་དཔེ་སྐྲུན་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}སྙན་དེབ་འདིའི་ནང་དུ་རྩོམ་པ་པོས་སྤྱི་ལོ1999ནས2009ལོའི་བར་བྲིས་པའི་སྙན་ངག59དང་ཟུར་བཀོད་ཀྱི་སྙན་ངག་ཅིག་དང་བཅར་འདྲི་ཞིགད་དུང་གླེང་བརྗོད་ཀྱི་ཚབ་ཏུ་བྲིས་པའི་གཏམ་བརྗོད་སོགས་ཀྱིས་གྲུབ་ཡོད།སྙན་ངག་གི་བློས་བསླངས་དང་།རྟོག་ཡུལ་གྱི་མཛེས་པ།ཡིད་བརྙན་འགོད་ཐབས་སོགས་ལ་རང་གི་ཁྱད་ཆོས་མངོན་པར་གསལ་བ་མ་ཟད།སྙན་ངག་གི་བརྗོད་བྱ་དང་རྗོད་བྱེད།མཚོན་ཐབས་སོགས་གང་ལའང་ནུབ་གླིང་གི་ཤན་ཞུགས་ནས་ཡོད་ཅིང་།རྩོམ་པ་པོས་འཚོལ་སྙེག་བྱེད་པའང་སྨྲ་བསམ་བརྗོད་འདས་དང་།ཚིག་གི་སྤོས་བརྗོད།སྟོང་འདང་དང་སྒྱུ་འཕྲུལ་གྱི་སྣང་བརྙན་བཞེངས་སྟངས་ཤིག་ལ་ཁ་གཏད་ཡོད་པ་དེ་བས་ཀྱང་གསལ་བར་མངོན་ཡོད།ཁོང་གི་སྙན་ངག་དུ་ནམ་ཡང་སྒྱུ་འཕྲུལ་གྱི་གཏམ་རྒྱུད་ཅིག་དང་།སྒྱུ་འཕྲུལ་གྱི་ཚོར་ཤེས་ཤིག་འབྱུང་གིན་པ་ནི་རྩོམ་པ་པོའི་སྒྱུ་རྩལ་གྱི་བློ་སྦྱོང་དང་།གསར་རྩོམ་གྱི་སྨྱུག་རྩལ་ཞིག་ཏུ་ངོས་འཛིན་བྱས་ན་ཧ་ཅང་འགྲིག་པར་མངོན་ནོ།

  23《སྤྱི་ཚོགས་རིག་པའི་འཇུག་སྒོ》ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས།ཤོག་ངོས145བྱོན།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།1999ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་ཆུང་འདིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་སྒོས་སྤྱི་ཚོགས་རིག་པའི་འཇུག་སྒོ་སོ་སོར་ཞིབ་འཇུག་བགྱིས་ཡོད།དེབ་འདི་བསྡོམས་པས་ལེའུ་དྲུག་གིས་གྲུབ་ལ།ལེའུ་དང་པོར་སྤྱི་ཚོགས་རིག་པའི་བྱུང་འཕེལ་མདོར་བསྡུས་ཙམ་བརྗོད་པ་དང་།ལེའུ་གཉིས་པར་སྤྱི་ཚོགས་རིག་པའི་དཔྱད་ཡུལ་དང་དེའི་ཁྱད་ཆོས་བཤད་ཡོད།ལེའུ་གསུམ་པར་སྤྱི་ཚོགས་ཞེས་པའི་ཐ་སྙད་འདིའི་མཚན་དོན་ལ་དཔྱད་པ་བཏང་ཡོད་ཅིང་།ལེའུ་བཞི་བར་སྤྱི་ཚོགས་འཕོ་འགྱུར་བསྡུས་བཤད་བྱས་ཏེ།ལེའུ་ལྔ་པར་སྤྱི་ཚོགས་གོང་འཕེལ་གྱི་སྐོར་བཤད་ཡོད།ལེའུ་དྲུག་པར་རིག་གནས་ཀྱི་སྐོར་བྱེ་བྲག་ཏུ་བརྗོད་དེ་མཇུག་བསྡུས་ཡོད།རང་རེའི་བོད་ལ་མཚོན་ན་སྤྱི་ཚོགས་རིག་པ་ནི་ལྟོས་བཅས་ཀྱིས་རིག་ཚན་གསར་བ་ཞིག་ཡིན་པས།དཔེ་དེབ་འདི་རང་རེའི་ལས་དང་པོ་བ་རྣམས་ཀྱི་ཐོག་མའི་བསླབ་དེབ་དང་འཇུག་སྒོ་ལྟ་བུར་འོས་ཤིང་འཚམས་པར་ཡོད།

  24《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་བཞུགས་སོ》རྒྱལ་སྲས་ཞི་བ་ལྷས་བརྩམས།ཤོག་ངོས122བྱོན།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1989ལོའི་པར་མ།

  {ནང་དོན་གནད་བསྡུས}བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་བྱ་བ་འདིར་བསྡོམས་པས་ལེའུ་བཅུ་ཡིས་ཕྱེས་ཡོད་ལ།བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་།སྡིག་པ་བཤགས་པ།བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་སོགས་ནས་བརྩམས་ཏེ་ཕར་ཕྱིན་དྲུག་གི་རྣམ་བཤད་རྒྱས་པར་སྤྲོས་ཤིང་།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་འཇུག་པའི་ཚུལ་མཛུབ་མོ་རི་སྟོན་གྱི་ཚུལ་གྱིས་གསུངས་ཡོད།བསྟན་བཅོས་འདི་ནི་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་།ཞུ་ཆེན་གྱི་ལོ་ཙཱ་པ་བནྡེ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ་ལས།སླད་ཀྱིས་རྒྱ་གར་གྱི་མཁན་པོ་ངྷརྨ་ཤྲཱི་བྷ་དྲ་དང་།ཞུ་ཆེན་གྱི་ལོ་ཙཱ་པ་བནྡེ་རིན་ཆེན་བཟང་པོ་དང་།ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་བ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀིརྟི་དང་།ཞུ་ཆེན་གྱི་ལོ་ཙཱ་པ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ།

  25《པདྨ་དབང་ཕྱུག་གི་རྣམ་ཐར་སྤྲིན་གྱི་སྒྲ་དབྱངས》མཁའ་འགྲོ་འབུམ་དང་ཚོགས་གསུམ་རྡོ་རྗེས་བརྩམས།ཤོག་ངོས183བྱོན།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2001ལོའི་པར་མ།

  {ནང་དོན་གནད་བསྡུས}དེབ་འདིའི་ནང་ཀན་སུའུ་ཞིང་ཆེན་གྱི་ཅོ་ནེ་ས་སྐྱོང་རིམ་བྱོན་གྱིས་རང་གི་མངའ་ཁོངས་ཅི་ལྟར་སྲུང་སྐྱོབ་བྱས་ཚུལ་དང་།དུས་འགྱུར་རེ་རེའི་ལོ་རྒྱུས་ཀྱི་གོད་ཆག་དང་སྐྱོ་གར་གླེང་ཡོད།ལྷག་པར་དུ་ཆེས་མཇུག་མཐའི་ཅོ་ནེ་ས་སྐྱོང་པདྨ་དབང་ཕྱུག་གིས་གོ་མིན་ཏང་སྲིད་གཞུང་ལ་ཅི་ལྟར་ཁ་གཏད་བཅག་པ་དང་།ཁོང་གི་ཡབ་མེས་ཀྱིས་དམར་དམག་རྒྱང་སྐྱོད་ལ་རོགས་རམ་བྱས་ཚུལ།ཅོ་ནེ་བཅིངས་འགྲོལ་གྱི་སྔ་རྗེས་སུ་པདྨ་དབང་ཕྱུག་གིས་ནུས་པ་ཅི་ལྟར་བཏོན་པ་དང་།བཅིངས་འགྲོལ་རྗེས་སུ་པདྨ་དབང་ཕྱུག་གིས་ཏང་དང་རྒྱལ་ཁབ་ཀྱིས་གནང་བའི་སྲིད་འཛིན་གྱི་གོ་གནས་རབ་དང་རིམ་པ་བཞེས་ཏེ།དམངས་གཙོ་བཅོས་སྒྱུར་དང་ཕ་ཡུལ་འཛུགས་སྐྲུན་ལ་བྱས་རྗེས་བཞག་ཚུལ་ཞིབ་པར་བཀོད་ཡོད་པས་ས་གནས་ལོ་རྒྱུས་ཀྱི་དེབ་ཐེར་ཆེས་གལ་ཆེན་ཞིག་ཏུ་མཐོང་།

  26སྙན་ངག《སེང་གེ》རྩེ་སྲས་ཨ་རྡོས་བརྩམས།ཤོག་ངོས126བྱོན།ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།2019ལོའི་པར་མ།

  {ནང་དོན་གནད་བསྡུས}སྙན་དེབ་འདི་ནི་རང་མོས་སྙན་ངག་རྐྱང་བའི་དེབ་ཅིག་ཡིན་ལ།སེམས་རྩའི་མདུད་པ་བཤིག་པའི་གླུ་དང་།བརྩེ་བའི་སྡུག་བསྔལ་བརྗོད་པའི་ཆང་།ཤེས་རབ་ཁྲག་རྩ་འགུལ་བའི་སྒྲཞེ་ཡི་གངས་རི་འཚེར་བའི་འོད་བཅས་ཚན་པ་བཞི་རུ་ཕྱེས་འདུག སྙན་རྩོམ་དག་གྱི་ཚིག་གི་ཡངས་ཟོར་དང་བརྗོད་བྱའི་བསྟན་དོན།ཚོར་བའི་རྣོ་རྟུལ།ཡིད་བརྙན་གྱི་འགོད་ཐབས་སོགས་ལ་སྙན་ངག་པ་རང་གི་སྒེར་གཤིས་ཀྱི་ཁྱད་ཆོས་ཤིག་མངོན་པར་གསལ་འདུག་ལ་སྙན་ངག་པ་རང་གིས་སྨྲས་པ་བཞིན།སྒེར་གྱི་བསམ་པའི་འཇིག་རྟེན་ཞིག་གམ་གཤིས་ཀ་ཞིགབསམ་བློ་གཏོང་སྟངས་ཤིགཡང་ན་འཚོ་བ་རོལ་སྟངས་གཞན་ཞིག་ཀྱང་ཆགས་འདུག་ཞེས་པ་ལྟར་སྙན་ངག་པ་རང་ཚུགས་ཅན་ཞིག་ཏུ་མཐོང་ཡོང་།སྙན་དེབ་ནང་ཆང་དང་འབྲེལ་བའི་སྙན་ངག་གིས་གསུམ་ཆའི་གཅིག་ཙམ་ཟིན་ལ་སྙན་ངག་པ་རང་ནས་ཀྱང་“རྩོམ་རིག་ཕྱོགས་ཀྱི་སྐད་ཆ་མང་པོ་ཞིག་ཆང་གིས་བད་དུས་སུ་མ་གཏོགས་འཆད་ཐབས་རང་མི་འདུག”ཞེས་ཀྱང་ཟེར་རོ།།

  27སྙན་ངག《བོད་ཀྱི་དེང་རབས་སྙན་ངག་རིང་མོ་ཕྱོགས་བསྒྲིགས》ཀླུ་འབུམ་རྒྱལ་གྱིས་རྩོམ་སྒྲིག་བྱས།ཤོག་ངོས258བྱོན།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2020ལོའི་པར་མ།

  {ནང་དོན་གནད་བསྡུས}སྙན་དེབ་འདིའི་ནང《གངས་རྒྱན་མེ་ཏོག》དུས་དེབ་ཀྱི་ལེ་ཚན་གཙོ་གྲས“རྨ་འབྲིའི་རྒྱུན”ཞེས་པ་གཞིར་བཟུང་ནས་བསྒྲིགས་པའི་སྙན་ངག་རིང་མོ་ཡོད་དོ་ཅོག་ལས་ཕུལ་དུ་བྱུང་བའི་སྙན་ངག་ཉི་ཤུ་ལྷག་དམིགས་སུ་བཀར་ཏེ་ཕྱོགས་བསྒྲིགས་བྱས་འདུགསྤྱིར་བཏང་གི་སྙན་ངག་ཐུང་གྲས་དག་དང་བསྡུར་ན་རྩོམ་ཐབས་དང་རྣམ་པ།ཤོང་ཚད་སོགས་ལ་ཕྱོགས་གང་ཅིའི་ཐད་ནས་ཅུང་ཟད་འབུར་ཐོན་དང་འཕེལ་རྒྱས་ཀྱི་རྣམ་པ་མངོན།སྙན་ངག་རིང་མོའི་བརྩམས་ཆོས་མང་ཆེ་ཤས་ཀྱི་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་ལ།རྗོད་བྱེད་ཕུན་སུམ་ཚོགས་ཤིང་།དོན་གྱི་རྔམས་མཐུག་ཅིང་བསམ་གཞིག་གི་བར་སྟོང་ཡངས་པ།མཚོན་ཐབས་ཁྱད་དུ་འཕགས་ཤིང་སྒྱུ་རྩལ་གྱི་རིན་ཐང་ལྡན་པ།འབྲུ་གསལ་ཞིང་བབ་ཆགས་པ།སྡེབ་སྦྱོར་ལེགས་ཤིང་ཚིག་ལ་རྐྱོང་སྐུམ་གྱི་ཤུགས་དང་ལྡན་པ།ཀློག་པའི་ཚེ་ན་ཡིད་འགུགས་ཀྱི་ནུས་པ་ཆེན་པོ་ལྡན་པ་སོགས་སྙན་ངག་རིང་མོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་མང་ཞིག་མངོན་པར་གསལ་བས་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་སུ་སྙན་ངག་རིང་མོའི་དཔེ་དེབ་མེད་པའི་སྟོང་ཆ་བསྐངས་པ་མ་ཟད།ཀློག་མཁན་སྤྱི་དང་སྒོས་སུ་སྙན་ངག་ལ་དགའ་མཁན་ཚོར་བསམ་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་བསྩལ་ནས་ཡོད་དོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

2020ལོའི་དཔེ་ཀློག

2021-02-25 ཁྱུང་ཐར་རྒྱལ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།