གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་པར་ནང་གི་སྲོག་ཤིང་།

2008-11-06 21:13:00 དཔལ་མོ། ཀློག་གྲངས། མཆན ཡོད།

ཁ་པར་ནང་གི་སྲོག་ཤིང་དེ།
ཁོ་ལག་རྒྱས་པའི་ཚེར་མ་ཆུན་པོ་ཞིག
ཡུལ་དུས་མི་གཅིག་པའི་ཕ་རོལ་ནས།
ཚུར་རོལ་བོའི་དྲན་སྣང་ལ་གཏན་ཏུ་ཟུག

ཁ་པར་ནང་གི་སྲོག་ཤིང་དེ།
དད་སེམས་ཀྱི་མདུད་པའི་སྟོབས་སུ་འཆང་ན།
ཕམ་ཁ་དང་ན་གཟེར་དེ་དག་ཅི་ཡང་མིན།
སྐྱོ་སྡུག་དང་ངལ་བ་དག་ཀྱང་ཅི་ཡང་མིན།

ཁ་པར་ནང་གི་གཟུགས་མེད་ཀྱི་སྟོབས་ཤུགས་དེས།
འཇིག་རྟེན་ངའི་ལག་མཐིལ་ལ་སྣང་མེད་དུ་བཤམས།

ཁ་པར་ནང་གི་སྲོག་ཤིང་དེ་སེམས་ཀྱི་ག་བུར་ཡིན།
ཁ་པར་ནང་གི་སྐད་ངག་དེ་སྲོག་གི་གཞི་རྟེན་ཡིན།
ཁ་པར་ནང་གི་དབུགས་རྒྱུ་དེ་སྙིང་གི་འཕར་ལྡིང་ཡིན།
ཁ་པར་ནང་གི་ཤུབ་བརྗོད་དེ་ཡིད་ཀྱི་འཚོ་བཅུད་ཡིན།

དབྱར་དགུན་མང་པོའི་རེས་མོས་ཁྲོད་ནས།
ལྗང་མྱུག་འབུས་པའི་སེམས་ཁོང་གི་འདུན་མ།
ཁ་པར་ནང་གི་སྲོག་ཤིང་ལ་བཅོལ་ནས་སྒུག་དུས།
གསོན་པའི་སྟོབས་ཤུགས་སྔར་བས་ཆེ།
འཚོ་བའི་འདུན་པ་སྔར་བས་དྲག

ཁ་པར་ནང་གི་སྲོག་ཤིང་ལ་ཉན་ཐེངས་རེར།
ང་རང་བདེ་སྐྱིད་ཀྱི་ཤག་སྒྲ་ལ་རེག་བྱུང༌།
            2005-5-15

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།