གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་ཐོག་མའི་སྙན་ངག་དང་ཆེས་མཐའ་མའི་མཚན་མོ།

2008-11-06 21:08:00 མདོ་སྨད་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

                            ༠
ད་ལྟ   ཁ་བ་འབབ་མཚམས་བཞག་པའི་ཚུན་ཆད་ཀྱི་ཉིན་ཞག་བཅོ་བརྒྱད་པ་ཡིན
ད་ལྟ   ངའི་སྐྲན་ནད་ལ་གཤགས་བཅོས་བརྩམས་པའི་དུས་ནས་བརྩིས་ན་ཉིན་ཞག་ཞེ་དགུ་བ་ཡིན
ལུས་སེམས་སྦྲིད་ཐེངས་ཀྱི་བར་གླགས་རེ་རེ་ནས
ངས་བོར་ཟིན་པའི་ཐ་སྙད་རེ་རེར་མྱ་ངན་ཞུ་བཞིན་ཡོད
ངས་བརྒྱུད་མྱོང་བའི་ལམ་བུ་རེ་རེར་དྲན་གསོ་སློང་གིན་ཡོད
                           ༠༠
སྨྲེང་སྐྱོ་འདྲེས་མའི་འདས་སོང་གི་ལོ་ཟླ་དག་རེ་རེ་བཞིན་ཕྱིར་སློག་བགྱིས་ཚེ
ཡོད་ཚད་སེམས་ཀྱིས་མི་ལྕོགས་པའི་སྡུག་ཡུས་བརྩེགས་མ་དེ་ཡིན
རྙིང་ཧྲལ་དུ་གྱུར་བའི་གཏམ་རྒྱུདདེའི་མཚར་སྡུག་བར་ནས
ང་ཚོ་ལའང་གསེར་མདོག་ལྡན་པའི་གཤོག་པ་དེ་བཙུགས་པ་ཡིན
གཤོག་པ   མཁའ་ལ་འཕུར་བའི་ཡོ་ཆས་ཡིན
གཤོག་པ    ཉིན་ཞག་རེས་མོས་ཀྱིས་གཤོག་པ་བཏབ་པ་ཡིན

ཁྱོད་ཀྱིས་བདག་གི་ཡོད་ཚད་རྟོགས་སོང་བའི་དུང་བ་ལྩི་ཨང
མཚམས་རེར་བདག་གིས་ཞིབ་དཔྱོད་ཀྱི་གོ་རིམ་རྨང་ནས་དཀྲུགས་ན་འདོད
གོ་རིམ་མེད་པའི་བརྒྱུད་རིམ་གྱི་ལྟེབས་ནས་གཞན་སེམས་ཀྱི་སྨྲེང་བ་མིག་ཆུ་རུ་གཡེལ་དུས
ད་གཟོད་བདག་གིས་ཁུ་སིམ་མེར་ཤེས་སོང
བརྩེ་ཞེན་འཁྱུག་པའི་རུལ་སོང་གི་སྨྱུག་རྩེ་ན་འཕུར་བ་ཁ་བ་ཡིན
ཁ་བའི་ཁྲོད་བཙུགས་ཆོག་པའི་སྙན་ངག་གི་དར་ཤིང་དེ་མཐོང་བྱུང
དར་ཤིང་གི་སྐེད་ལ་ལོ་རྒྱུས་ཀྱི་གསེར་ཡིག་ཐེད་པོ་འགའ་བབས་ཡོད
                        ༠༠༠
ཅིའི་ཕྱིར་རྫོགས་མཐའ་མེད་པའི་ཐལ་མདོག་གི་ས་སྲོད་འདིས
གྲང་ལྷགས་དང་བཀྲེས་སྐོམ་གྱི་ན་ཟུག་ཁུར་ནས་ངའི་སྒོ་ཐེམ་བརྒལ་ཡོང་བ་ཡིན
ཁེར་རྐྱང་གི་ལྗོངས་ཆེན་པོ་འདི་ནས་རང་ཉིད་ལ་གུ་ཡངས་གཏོང་ས་ཡེ་ནས་མེད
ལྷིང་འཇགས་དང་སུན་སྣང་གིས་རུས་རྐང་གཞིབ་ངེས་པའི་ས་སྲོད་ལ
གལ་ཏེ་ཁྱོད་རང་སེམས་སྡུག་སྒོས་ཡོང་བ་བདེན་ན
ཕྱིར་སེམས་སྡུག་སྒོས་འགྲོ་རོགས་མཛོད
ཁྱོད་ཀྱི་སེམས་ཁྲལ་ལ་སྡུག་ཡུས་ཀྱི་ཁྲོད་ནས་འཚོ་བཅུད་རྒྱས་སྲིད
དེ་དུས   ཡོད་ཚད་མུན་ནག་ལྟ་བུའི་ངའི་ཁོར་ཡུག་གི་སློང་མོ་བ་ཡིན 
འདི་ནི་བདག་གི་་ལང་ཚོའི་དུས་ཚིགས་ཀྱི་རྨི་ལམ་གཏོང་ས་ཡིན
འདི་ནི་བདག་གི་མེ་ཏོག་གི་ཞིང་ཚིགས་སུ་འཚོལ་སྙེག་རུམ་ས་ཡིན

ཁ་བ་རྒྱང་རིང་ནས་སླེབས་པའི་བདག་གི་མགྲོན་པོ་ཡིན་ཡང་ཆོག
ལྷད་མེད་ཀྱི་འཛུམ་ཞལ་ལེབ་མོ་དེ་ངའི་མེ་ལོང་གི་གཏིང་ལ་ཉར་ངེས
སེམས་པ་རང་ཉིད་འོང་སའི་འཇིག་རྟེན་གྱི་ཕྱོགས་སུ་རྒྱུགས་ཤིག
འཇིག་རྟེན་ནི་ཁེར་རྐྱང་ནས་སུན་སྣང་གི་དག་ཞིང་ཡིན
འཇིག་རྟེན་ནི་རང་དབང་ནས་བཙན་ཤེད་ཀྱི་བར་ཐག་ཡིན
                      ༠༠༠༠
ཁྱོད་ཀྱིས་མགོ་བོ་དགྱེས་ནས་བལྟས་ན་ཆོག
ནམ་མཁའ་ནི་མུ་མཐའ་བྲལ་བའི་ཁྱོད་ཀྱི་བྲང་གཞུང་ཡིན
ཁྱོད་ཀྱིས་རྣ་བ་ཅོར་ནས་ཉན་ན་ཆོག
ས་གཞི་ནི་ཁྱོད་ཀྱི་མགྲིན་པར་འཁྱུད་པའི་རོལ་དབྱངས་ཀྱི་སྐྱི་གཉེར་ཡིན
གནམ་སའི་མཐུད་མཚམས་ཀྱི་བར་གཤོང་ཆེན་པོ་འདི
ང་ཚོའི་རུས་རྐང་དང་ཤ་ཁྲག་ཟད་སའི་བཙན་རྫོང་ཡིན་ནམ

བཙན་རྫོང་ལ་གཡོ་འགུལ་བྱུང་བའི་ཆག་འཇིག་གི་ཉམས་ང་ལས
བྲག་ཐེམ་དང་རི་རབ་ལས་ཕ་བོང་ཆད་ཡོང
གཅེར་བུར་གྱུར་བའི་ཕ་བོང་གི་ཁྱུ་འཛེམ་མེད་ངང་མི་ཚོགས་ཀྱི་ཕྱོགས་སུ་འགྲིལ་ཡོང
ལྷིང་འཇགས་ཀྱི་ལོག་མལ་འདི་ལ
སུས་ཀྱང་བགྲོད་ལམ་བཏོད་མེད     སུས་ཀྱང་ཁ་ཕྱོགས་བཙུགས་མེད་པས
ཆར་ཞོལ་ལྟ་བུའི་རླུང་བུ་འཇགས་ཤུལ་ནས
མི་སེམས་དང་ས་རྡུལ་ལྷན་དུ་འཕྱུར་སྲིད
ཞི་འཇགས་མུན་ནག་ལ་འཐིམས་པའི་མཚན་མོར
འཇིགས་ཡེར་བའི་རླུང་བུ་གཡུགས་ཐེངས་བདུན་པར་སླེབས་པས
ཡུལ་གྲུ་འདིའི་གྲུ་ཟུར་གང་རུང་ལ་བུ་ག་རབ་དང་རིམ་པ་བརྟོལ་གྱིན་ཡོད
ས་སྒང་འདིའི་ཉིན་སྲིབས་ལ་འབག་བཙོག་སྣ་སྣེ་མོ་བསྒོ་བཞིན་འདུག

བདག་ལ་བརྩེ་་འདང་དང་ཕྱི་ཐག་ལ་བརྒྱུས་པའི་བར་སྣང་ཞིག་མཁོ
བདག་གིས་ཉི་འོད་ལྡིང་ཞིང་ཆར་བ་འབྲོ་བཞིན་པའི་སྔ་ལོགས་སུ་བྱུང་བའི་རྒྱུ་རྐྱེན་དེ་འཚོལ་ན་འདོད
རྨི་ལམ་དུ་འཁོར་ཡོང་བ་ཐམས་ཅད་རྒྱང་ན་ཡོད་པའི་དབྱར་གཞུང་དེའི་སྣེ་མོ་ཡིན་ནམ
གྲམ་ཆུ་སྔོན་མོའི་དབུགས་རྔུབ་ལས་མཐོང་བའི་ནམ་མཁའ་དེ་ཡིན
                          ༠༠༠༠༠
ཡིད་དུ་འོང་བའི་བྱང་ཐང་གི་མཐུད་མཚམས་སུ་རླུང་དམར་འུར་འུར་གཡུག་བཞིན་ཡོད
སྙིང་ལ་སྡུག་པའི་ཁྱོད་ཀྱི་ངོ་གདོང་ན་མིག་ཆུ་ཤམ་ཤམ་ཤོམ་གྱིན་ཡོད
མུན་ནག་གི་ཕྱོགས་སུ་ཕྱེས་པའི་སྒོ་དང་སྒེའུ་ཁུང་གྲངས་མེད
ཁྱོད་ཀྱི་ལུས་སྟེང་ན་དཔྱངས་པའི་ཨམ་ཕྲག་དག་གི་ཆེ་ཆུང་ཡིན་པས
ཁྱོད་ཀྱིས་དོགས་ཟོན་གནང་མི་དགོས      ཁྱོད་ཀྱིས་བཟོད་གསོལ་ཞུ་མི་དགོས
བྱེ་རྡུལ་ལང་ལོང་འཚུབ་པའི་རླུང་དམར་གྱི་ཁྲོད་ནས་ང་ལ་གྲ་སྒྲིག་ཅི་ཡང་མེད
ཁེར་རྐྱང་གི་གླུ་བ་ཚོ་ཁོ་ན་ཁ་ཕྱོགས་འཚོལ་མཁན་དང་སྲབ་མདར་འཇུ་མཁན་ཡིན་པར་རློམ་དང
གླུ་བ་ཚོ     གཡུལ་ས་དང་མངའ་ཐང་བསྐྱེད་པའི་རྟོག་གེ་བ་ཡིན
གླུ་བ་ཚོ      ཁེར་རྐྱང་དུ་གྱུར་བའི་ད་གཟོད་རང་ཉིད་ལ་སྐད་ངག་ཡོད་པ་རྟོག

ས་སྲོད་ཀྱི་ཕ་མཐའ་ནི་སེམས་དང་སེམས་ཀྱི་ཕ་མཐའ་སྟེ
རྒྱུས་མེད་ཀྱི་ངོ་གདོང་འདིས་མཚོན་པའི་ནམ་མཁའ་སྔོ་ལེབ་དེ་ས་གཞི་དང་ཡུག་གཅིག་སྦྲེལ་ཡོད
ནམ་མཁའི་ངོས་ན་རྡེབ་ཀྱིན་པའི་ནག་ཀྲིག་ཀྲིག་གི་མིག་ཟུང་ལས
ལུས་སེམས་སྦྲིད་པའི་སྐར་མདའ་གཉིས་ཤེད་ཀྱིས་ཕྱུང་སྟེ
བདག་གིས་ཤ་ཁྲག་དང་རྣམ་ཤེས་ཀྱི་བར་གསེང་ལ་ཟུག་ཡོད
               ༠༠༠༠༠༠
དོ་ནུབ    ངས་ཐ་སྙད་ཀྱི་བེམ་རོ་ཁྲི་ཕྲག་མེ་ལ་སྒྲོན་གྱིན་ཁྱོད་ལ་བསྒུག་ཡོད
དོ་ནུབ    ངས་རྨི་ལམ་གྱི་སྐུད་སྣེར་རང་ཉིད་བརྒྱུས་ཏེ་ཁྱོད་རང་འཚོལ་གྱིན་ཡོད
ཁྱོད་ཀྱིས་ནམ་རྒྱུན་བདག་གིས་ཆེད་དུ་ཐ་སྙད་གསོག་གིན
རྙིང་རལ་དུ་གྱུར་བའི་རེ་སྨོན་ཁྲོད་གཏམ་རྒྱུད་ཅིག་དཀྲོལ་གྱིན་ཡོད་པས
ངས་ཁྱོད་ལ་འོ་བརྒྱལ་བཟོས་དགོས་སོང      ངས་ཁྱོད་ལ་ཉེས་པ་བསགས་དགོས་བྱུང
                          2005.12.11ལ་མི་སྐྱིད་གླིང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།