གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་ལུང་རི་ཁྲོད་ནས་གྱེར་བའི་གཞས།

2008-12-14 16:36:00 རོང་བོ་དགེ་འདུན་རབ་རྒྱས། ཀློག་གྲངས། མཆན ཡོད།

འདི་ན་སྔོན་བསགས་ལས་ཀྱིས་བཀོད་པ།།
ཡིད་འོང་གཞོན་པའི་ལང་ཚོའི་མེ་ཏོག།
འདབ་སྟོང་གྲོལ་བའི་འཛུམ་མདངས་ངོམ་ས།།
སྟག་ལུང་དཔལ་གྱི་རི་བོའི་ཉེ་འདབས།།
རྐང་འཐུང་འདབ་ལོའི་མགོ་ལྕོག་ལྡེམ་ལྡེམ།།
མཚར་སྡུག་མེ་ཏོག་ཐགས་སུ་བཀྲ་བ།།
ལྷ་ཡུལ་ལས་ཀྱང་ཉམས་སུ་དགའ་བས།།
བདེ་སྐྱིད་དཔལ་ལ་འབད་པ་མི་དགོས།།
ངག་སྙན་ཀྱ་ཀྱུ་གླུ་ལ་མཁས་པའི།།
བྱ་དང་བྱེའུའི་སྤྲོ་གར་འདི་ལ།།
ངོ་མཚར་ཉམས་ཀྱི་མཛེས་སྡུག་རྫོགས་པ།།
ཡིད་འོངས་སྤྲོ་དགའི་སྣང་བ་བདེའང༌།།
ཟིན་མེད་རྣམ་ཤེས་རྒོད་པོ་གཤོག་ཐོགས།།
སྐད་ཅིག་མིག་གི་འབྱེད་འཛུམ་བར་ནས།།
སྙིང་སྡུག་སྙིང་གི་ལྷ་མོ་སྒྲོལ་མ།།
སྒེའུ་ཁུང་འགྲམ་གྱི་ལྗོན་པའི་རྩེ་ལ།།
བྱམས་པའི་ཟུར་མིག་ལམ་ཅིག་གནོངས་དང༌།།
ང་རང་ཁྱེད་ཀྱི་སྒོ་མཐར་སླེབ་ཡོད།།
བརྩེ་བའི་ཞལ་འཛུམ་མིག་གི་བདུད་རྩི།།
ཡིད་འོངས་འཇོ་སྒེག་ཉམས་ཀྱིས་ཕྱུག་པ།།
གཞུང་བཟང་འགྲོགས་པའི་ཕྱི་ཐག་རིང་བ།།
བུ་ཆུང་ཁོ་བོའི་སྙིང་གི་ཕྱེད་ཀ།
ཡུན་རིང་ཞེ་འདོད་སྙིང་ལ་བཅངས་པ།།
ལྷན་འཛོམས་བདེ་སྐྱིད་འཕེལ་བའི་དུས་ཚིགས།།
རེ་སྒུག་ཉི་མ་ཕྲེང་བར་བགྲངས་ནས།།
ལོ་ཟླ་བརྩེགས་པའི་སྡུག་བསྔལ་འཁོར་ཡོད།།
རྒྱལ་བ་དགྱེས་པའི་སྒྲུབ་ཕུག་དེ་ན།།
གྲོགས་མེད་དཀའ་ཐུབ་བསྟེན་པའི་དྲང་སྲོང༌།།
རྩེ་གཅིག་ཏིང་འཛིན་སྒོམ་པའི་ཉམས་ལེན།།
ངེས་འབྱུང་སེམས་བསྐྱེད་ཡིན་ན་དགའ་བ།།
མ་རུང་རྒས་པའི་འཕྲལ་རྐྱེན་ངན་པ།།
འཆི་བདག་བདུད་པོ་ཁྲོས་པའི་རྐྱེན་ངན།།
གཤིན་རྗེའི་གྲོང་སྒོར་འགྲོ་རན་འདུག་ཀྱང༌།།
འཁྲེང་སེམས་འདོད་དགུའི་ཞེན་པ་མ་ཆོད།།
ཆུ་ཤེལ་སེམས་ཀྱི་མེ་ལོང་དྭངས་མོར།།
ཡིད་འོངས་མིག་འཛུམ་འཛུམ་པའི་ཞལ་རས།།
འགོག་མེད་འཆར་བའི་ངང་ཚུལ་འདི་ལ།།
གཉེན་པོ་གང་གིས་ཟློག་པར་མི་ནུས།།
མཛེས་མཛེས་མིག་ལ་རན་པའི་གཤིས་ཀ།
ཚུལ་མཐུན་ངུར་སྨྲིག་དཀྲིས་པའི་སྣང་བརྙན།།
མི་ཚེ་དབེན་པའི་རི་ནས་ཟད་ཀྱང༌།།
དགེ་སྒྲུབ་འདི་ལ་སྙིང་བོ་མ་ལོན།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།