བསམ་གཞིགས་ཀྱིས་བསྐྲུན་པའི་ལེའུ་དམར་ནག་མ།(སྙན་ཚོམ)

               ༼ཐོག་མའི་ང༽
རྒྱང་རིང་ནས་གནས་ཚང་སྙེག་སྐབས
མུན་ཁམས་ནས་འོད་ཀློང་འཚོལ་སྐབས
རྐྱེན་ངན་གྱིས་མ་མནར་བའི་ངུ་སྐད་དག་གི་མཇུག་བྱང་ལ་འཐབས་ཏེ
ཨ་མའི་པགས་རྩག་གི་ཐུ་འོག་ནས་འོ་སྤྲིའི་མངར་ཁ་ཚོར
རྩྭ་ལོ་ཡར་སྐྱེས་ཀྱི་དྲོད་ཁོལ་ཁྲོད
བེའུ་དང་ལུ་གུའི་རྩེད་ལྡིང་རྒོད
སྐབས་དེར  ངའི་དྲན་སྣང་མཚོན་པའི་བསམ་གཞིགས་དམར་པོ
ཡུགས་ས་མ་ཞིག་གི་ངུ་སྐད་ཀྱིས་དཀྲོགས་པའི་མཚན་ལྗོངས་ཀྱི་ཁུགས་སོ་ནས
ཉེས་དམིགས་ལ་འཐབ་ར་སློང་ཆེད   ས་ཆེན་ལ་དྲིན་ལན་འཇལ་ཆེད
ལྟོགས་སྐོམ་གྱིས་མནར་བའི་རི་སྤྱང་དང་རྒོད་པོ་བཞིན
ཁ་ཆར་མར་འབབ་ཀྱི་དུས་ཚིགས་དེར   ཐོག་མར་ལམ་ལ་ཆས་དགོས་བྱུང
སྐུ་དྲག་ཚོའི་རྫིག་ཉམས་རྒོད་ས་དང་དབང་ཆེན་ཚོའི་བྲན་དུ་བཀོལ་ས་ནས
རང་ཉིད་ལ་དབང་བའི་བརྩེ་དུང་གི་གཤིན་ས་དེ་འཚོལ་ཕྱིར
རང་ཉིད་ལ་དབང་བའི་དྲང་བདེན་གྱི་རྒྱལ་ཁམས་དེ་འགྲིམ་ཕྱིར
  ༢༠༠༦ལོའི་ཟླ༦པའི་ཚེས༡༠ཉིན་དགོང་མོ་བྱ་སྟོད་ནས་ཞག་སྒྲོན་གྱི་འོད་སྣང་རུམ་སྟེ་བྲིས།

            ༼བར་སྐབས་ཀྱི་བསམ་གཞིག༽
དོ་དགོང་མཚན་ལྗོངས་འདི་ང་ལ་དབང་བས
ཁ་བ་དང་ཉི་མའི་བར་ཐག་འཇལ་འདོད
ཨ་མ་དང་ཕུ་ནུའི་བརྩེ་བ་གླེང་འདོད
ཡང་ན  སོང་ཟིན་པའི་ཞལ་ཐང་ལ
ཕྱི་མིག་རེ་འཕེན་འདོད   ཅིའི་ཕྱིར་ཞེ་ན
ངའི་ཕ་ལུས་རུས་པ་གསེར་ཡིན་པས  གསེར་སེར་བོའི་རིན་ཐང་གླེང་འདོད
ངའི་མ་ལུས་རུས་པ་དུང་ཡིན་པས  དུང་དཀར་བོའི་ཁ་དོག་གླེང་འདོད
ཡིན་ནའང་དུས་རབས་ཀྱི་རླུང་ཁ་ན་བསྐྱོད་པའི
སྦྲ་མཐིང་སྨུག་གི་གཡོ་འགུལ་མཐོང་ན
ཨུ་ཚུགས་ཀྱིས་མ་སྐུལ་བའི་སྣང་བརྙན་གསོན་པོ
གནམ་སྔོན་གདེགས་པའི་ཀ་བ་མིན་ཡང
རང་ཉིད་ཀྱི་ཚེ་སྲོག་ལ་བརྒྱུས་པའི་དར་ཤིང་ཡིན་པས
བདག་མེད་ཀྱི་ས་སྟེང་ནས  སྟོང་ཉིད་ཀྱི་བར་སྣང་དུ
སུས་ཀྱང་སྤུར་ཆོག་ཆོག་གི་སེམས་ཀྱི་རླུང་རྟ་ཡིན་མོད
གདོང་འབག་གྱོན་པའི་རོ་གཟན་དག་གིས
དྭངས་གཙང་གི་ཁོར་ཡུག་བཙོག་པོར་བསྒྱུར་བ་དང
ལག་ཚོའི་ཕྱག་ཟུང་དེ
བྲིན་ཆེ་བའི་ཚོང་དཔོན་གྱི་དངུལ་ཁུག་ལ་བསྲིང་བའི་འདྲེ་ལག་བཞིན
ཟོག་ཟོབ་དང་ཚུལ་འཆོས་ཀྱི་བར་གསེང་ནས
སེམས་པ་མང་པོའི་རུམ་ཁར་བརྐྱངས་ཏེ
བདག་གི་གློ་སྙིང་ལ་སྤར་འབྲད་བྱས་ན
ལང་ཚོས་བསྐྲུན་པའི་བརྩེ་མཛུབ་རྣལ་མ
སད་ཀྱིས་བཅོམ་པའི་མེ་ཏོག་གི་ཟེའུ་འབྲུ་བཞིན
མྱ་ངན་གྱི་དུར་ཐང་ན་འཚོ་བའི་མི་གཞི་ཞིག་གི་ན་ཟུག་ཡིན་ལ
ད་དུང   འཇིག་རྟེན་གྱི་ངོ་གདོང་ལ་ཕོག་པའི་འབར་རྡུལ་གྱི་འགད་རྫས་རེད
དེ་བས  འཚོ་བ་ལས་བསམ་གཞིག་སྒུམ་ཞོར
བསམ་གཞིག་ལས་རང་ཉིད་འཚོལ་བཞིན
དབེན་འཇགས་ཀྱི་ཞིང་ཐང་བརྒལ་ཏེ
བསམ་གཞིགས་ཀྱི་ངོ་གདོང་སྐྱོར་འདོད
དེ་རིང་དང་སང་ཉིན་གྱི་ཕྱིར་དུ
                ༢༠༠༦ལོའི་ཟླ༥བའི་ཚེས༡༣ཉིན་མགོ་མང་མི་རྐྱང་ཆང་ཁང་ནས།

             ༼རོ་ལངས༽
                ༡
ཁ་སང་གི་འཇའ་ཚོན་ལ་བརྒྱུས་པའི་ལང་ཚོའི་ལྷུ་ལག
དེ་རིང་གི་དུར་ཐང་ལ་འཚོ་བའི་རྣམ་ཤེས་ཀྱི་གཟུགས་གཞི་རེད
དེ་བས   ཨ་ཇོ་ལགས
མདང་དགོང་གི་རྨི་ལམ་ནས་ཁྱེད་ལ་འཕྲད་པ
བརྩེ་སེམས་ཀྱི་བག་ཆགས་ལན་པ་ཡིན་ནམ
ཡང་ན  ཁྱེད་ཀྱིས་ང་རང་གླེང་བཞིན
ངས་ཁྱེད་རང་དྲན་པ་ཡིན
གང་ལྟར་ཡང  ཁེར་རྐྱང་གིས་བསྡུས་པའི་གྲིབ་གཟུགས་མག་མོག
ཐོབ་ཆ་མེད་པའི་མཚན་ལྗོངས་ཀྱི་ཁུགས་སོ་ནས
དུས་ཚོད་ཀྱི་ལམ་སྣེར་སོང་བ
ས་ཆེན་གྱིས་ཤེས་ཡོད
ངའི་གོམ་སྟབས་ཀྱིས་ས་ཆེན་གྱི་བྲང་ཁོག་འཇལ་བས
ཟླ་འོད་ཀྱིས་མཐོང་ཡོད
ངའི་འཚོ་བ་ལ་ཟླ་འོད་ཀྱིས་ལྐོག་བལྟ་བྱས་པས
           ༢
འདུག་མི་སྲིད་པའི་དུས་ཚོད་ཀྱིས་ལང་ཚོར་ཅི་འདྲ་བྲབས་ཀྱང
བརྗེད་མི་སྲིད་པའི་ཞེ་འདང་དེ
རྨི་ལམ་དང་འབྲེལ་ནས་མངོན་སུམ་གྱི་དྲན་རྟོག་ལ་བརྒྱུས་འོངས་པས
བསམ་གཞིག་གིས་ཇ་ཕོར་ལག་བར་ནས་ལྷུང་སོང
ཕ་གཡར་གྱིས་སྡིགས་མཛུབ་ངོ་གདོང་ལ་གཏད་འདུག
ཀྱི་ཧུད  འདི་ནི་སྟག་ཤར་གཞོན་ནུའི་སྣང་བ་ཡིན་ནམ
ཡང་ན  མྱ་ངན་གྱི་དུར་ཐང་ན་འཚོ་བའི་སུམ་བརྒྱད་ཀྱི་ཕམ་ཁ་ཡིན
གང་ལྟར་ཡང  འཁོར་སྐྱོད་ཅིག་གི་བར་གསེང་ནས
ས་སྲོད་ཀྱི་གྲིབ་ཆེན་སྲུང་དགོས་ཀྱང
ང་ལ་བདེན་དབང་གི་སྙིང་གཏམ་མཆིས་པས
སྐྱ་རེངས་དང་ཉི་འོད་ལས
རྣམ་ཤེས་དེར་རོ་ལངས་རྒྱག་དགོས་བྱུང
                 ༢༠༠༦ལོའི་ཟླ༥བའི་ཚེས༡༥ཉིན་ཕ་ཡུལ་ཆོས་ཁྲི་གསེར་གཞུང་ནས་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་གཞིགས་ཀྱིས་བསྐྲུན་པའི་ལེའུ་དམར་ནག་མ།(སྙན་ཚོམ)

2008-12-22 ལྡོང་མཚོ་ལྡེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།