གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བློས་བསླངས་པའི་བར་དོ།

2011-12-02 10:37:00 ནམ་ལང་། ཀློག་གྲངས། མཆན ཡོད།

           ༠
རྣམ་ཤེས་འཁྱམ་པའི་བར་དོ།
ཉི་མ་ནུབ་རྗེས་ཀྱི་ནམ་མཁའ་ལྟ་བུ་ཞིག་ཡིན་སྲིད་དམ།
རི་རབ་དང་གླིང་ཕྲན་ག་ཚོད་ཡོད།
ཡང་ན་དབང་བསྒྱུར་བ་དུ་ཡོད་ངེས།
དེ་དག་འབོབ་གདན་མཐུག་པོར་བསྡད་ནས།
ཁོ་ཧྥེ་འཐུང་བཞིན་སུ་ཞིག་ལ་སྒུག་ཡོད་དམ།
       ༡
མུན་པ་དང་ལྷན་ཏུ་གནས་དེ་དྲན་འོང་།
རང་བཞིན་གྱིས་དྲན་འོང་།
རུས་རྐང་གིས་བསྐྲུན་པའི་ཕོ་བྲང་གི་འདབས་ན།
མི་སེར་དཀར་ནག  རིགས་དང་རུས་རྒྱུད་མཐའ་དག་འདྲེས་པའི་དཔུང་ཁག་ཅིག
རྨི་ལམ་ལྟ་བུ་ཞིག་རྨི་བཞིན  ཕྱིར་མིག་གིས་ལྟ་བཞིན།
རང་མོས་མིན་པའི་མིང་ཐོ་འགོད་གྱིན་འདུག
       ༢
ལེན་ཤེས་པའི་གླུ་དེ་ བརྗེད་འདུག་ལ་སྨྲ་བརྗོད་ཀྱང་འགག་འདུག
དེ་དུས་སུ་ཞིག་གིས་མིག་ཆུ་མེད་པའི་སྙན་ངག་རེ་འབྲི་ཐུབ་བམ།
ལྡིང་ཡོང་བའི་རླུང་བུར་ཚོར་བ་གང་ཡང་མེད་ལ།
ལྗང་མདོག་དང་ནམ་མཁའ་འང་མཐོང་མི་སྲིད།
        ༣
རེད་དེ།  དབང་བསྒྱུར་བ་དེ་མི་རྒྱུད་གང་ཞིག་ཡིན་ནམ།
དེ་རླངས་འཁོར་ལ་འདུག་པར་དགའ་ངེས་སམ།
ཁོའི་སྐད་རིགས་མཐའ་དག་བྱང་ཆུབ་པ་ཞིག་ཤེས་ངེས་ཡིན།
ཡིན་ཡང་།
གནས་དེའི་དབང་བསྒྱུར་བར་ཀྲུའི་ཞི་ཟེར་དགོས་སམ་ཡང་ན་ཙུང་ཐུང་ཅེས་འབོད་དགོས་ལགས།
                                       ནམ་ལང་ནས།
                           ༢༠༡༡ལོའི་ཟླ་༡༡པའི་ཚེས་༢༧ཉིན་ལ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།