གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལན་གྲུ་ནས་ཕ་ཡུལ་དྲན་པ།

2011-11-23 11:45:00 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

ལན་གྲུ་ཟེར་ན   སྨུག་སྤྲིན་ཀློང་གི་གྲོང་ཁྱེར་ཅིག་རེད
ཡང་ན     ནག་ནོག་གིས་བསྒྲིབས་པའི་ངོ་མདོག་སྐྱ་བོ་ཞིག་རེད
མག་མོག་གི་ཀློང་དུ་གསོན་པའི་གྲོང་ཁྱེར་དེ་ནི
རྣམ་ཤེས་བོར་བའི་ངའི་ལུས་ཟུང་རིད་པོ་དང
ཆག་གྲུམ་ཤོར་བའི་ངའི་རྨི་ལམ་ཇི་བཞིན
ཅི་འདྲའི་རབ་རིབ་ཅན་ཞིག་རེད་ཨང

གནས་འདི་ནས    སྔོ་ཐིང་ཐིང་གི་ནམ་མཁའི་བཞིན་རས་མི་མཇལ་ལ
ཁ་བའི་མདངས་སུ་འཁུ་བའི་སྤྲིན་དཀར་གྱི་འཛུམ་མདངས་མི་རིག
ད་དུང    ཕ་ཡུལ་ལྟ་བུའི་དྲོད་ཁོལ་ཚོར་མི་ཐུབ་པར
ནམ་དུས་དབྱེར་མེད    དགུན་ཁའི་དུས་ཚིགས་བཞིན
ཡོད་ཚད་སྐྱ་ཐིང་ངེར    འུར་ཟིང་ངེར     སྟོང་ལྷང་ངེར

དེ་རིང་གི་ལན་གྲུའི་ནམ་མཁའ
མི་བུ་ཞིག་གི་སེམས་ཁམས་དང་འདྲ་བར
དོན་ཅི་ཞིག་ལ་ཁྲོས་པ་མི་ཤེས
གང་ལྟར   སྤྲིན་ནག་ལང་ལོང་གིས་འཁྲིགས་ཤིང
མིག་ཆུ་ཆར་ཐིགས་བཞིན་འཐོར
སྐབས་དེ་དུས     སྦྱར་སྡོང་རྐང་གཅིག་ལ་ཅོ་འདྲི་བའི་འཁྱམས་པོ་ཞིག
རང་དབང་མེད་པར      ཕ་ཡུལ་ཕྱོགས་ལ་རྣ་བ་གཏད་དགོས་བྱུང་སོང
ཕ་ཡུལ་ན     ནམ་མཁའ་་ཐམས་ཅད་སྐར་ཚོམ་གྱིས་བརྒྱན་ཅིང
ས་གཞི་ཐམས་ཅད་མེ་ཏོག་གིས་གཏམས་ཡོད
སྐར་ཚོམ་དང་མེ་ཏོག་གི་གསེབ་ན
ངའི་ཕུ་ནུ་མིང་སྲིང་ཚོ་ཅི་འདྲའི་སྐྱིད་ཨང
ཕ་ཡུལ་ན
ཟླ་བའི་འཛུམ་ཞལ་ལ་འགྲན་པའི་ན་ཆུང་ཞིག་གི་བརྩེ་བ་འཁྱིལ་ཡོད་ལ
གཡང་དཀར་་འབའ་སྒྲ་ལ་གོམས་པའི་འབྲོག་མོ་ཞིག་གི་གླུ་སྐད་ཐིམས་ཡོད
དྲིན་ཆེན་མ་ལོའི་མི་ཚེ་གང་པོའི་རུས་རྐང་དང་ཞབས་རྗེས་སིམ་ཡོད
ད་དུང    གངས་རི་དང་རྩྭ་ཐང   མེ་ཏོག་དང་འཛུམ་མདངས
སྐར་ཚོམ་དང་ལུག་ཁྱུ    དྲོད་ཁོལ་དང་བརྩེ་བ་སོགས་ཀྱང་་་་་་་་་
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།