གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་གསོན་པོར་སོ་བཏབ་ཚུལ།

2011-11-17 07:43:00 ཁྲག་སྙུག ཀློག་གྲངས། མཆན ཡོད།

___གླེང་སློང་བ
ང་ལ་གསེར་ནག་གི་མཛུབ་དཀྲིས་ལྟ་བུའི་རིན་པོ་ཆེ་མི་དགོས
ང་ལ་དངུལ་དཀར་གྱི་ཕྲ་རྒྱན་ལྟ་བུའི་ཕྱུག་ཆེན་མའང་མི་དགོས 
ང་ལ་མཁོ་བ་ནི་ཁྱེད་གཅིག་པུའི་སེམས་ཁོ་ནའོ
 
ང་ལ་གཡང་དཀར་གྱི་བལ་ཁ་ལྟ་བུའི་གཤིས་བཟང་མ་མི་དགོས
ང་ལ་མེ་ཏོག་གི་འདབ་མ་ལྟ་བུའི་ངོ་ཡག་མའང་མི་དགོས
ང་ལ་མཁོ་བ་ནི་ཆེས་སྤྱིར་བཏང་གི་ཁྱོའི་འཛུམ་ཟུར་ཙམ་རེད 
 
____སྙིང་དམར་ཚུལ
ང་ཁྱེད་ལ་དགའ་རབས་བཤད་ན
གནམ་སྔོན་པོའི་མིག་ཆུ་གཏོང་གི 
ང་ཁྱེད་ལ་དུངས་ཚུལ་ལབ་ན
ས་ཆེན་པོའི་ངུ་ངག་འཐེན་གི
 
ལྐོག་མིག་འཕེན་སའི་བུ་མོ་ཁྱེད
སྙན་ངག་འབྲི་སའི་བུ་མོ་ཁྱེད
 ་ ་ ་ ་ ་ ་
བུ་མོ་ཁྱེད་ནི
ངའི་དམར་པོ་ཁྲག་གི་ཁ་དོག་ཏུ་བཀོད་ནས
ངའི་ཕྲ་ཆུང་མིག་གི་འབེན་རྡོ་རུ་བཞག་ནས
ཆེས་གཉོམ་དུང་གི་ཐ་སྙད་འགར་མགོ་རྐང་བསྒྲིག་སྟེ
བརྩེ་དུང་འདིར་གཏིང་འདྲི་ཞིག་བྱེད་འདང་ཡོད
ལས་དབང་འདིར་རྒོལ་གཏམ་ཞིག་སློག་གྲབས་ཡོད
མ་མཐའ་ཡང
བརྩེ་བར་དམར་གསོད་བཏང་བའི་ཁྱེད་ལ
དུངས་བར་རྐང་བརྫིས་བྱས་པའི་ཁྱེད་ལ
སེམས་དྲོན་མོར་ཆུ་འཁྱག་བླུགས་པའི་ཁྱེད་ལ
ཤ་རུས་པའི་སྐད་ཆ་ཞིག་བཤད་འདང་ཡོད
  ་ ་ ་ ་ ་ ་
___གཞུང་དངོས
ཁྱེད་ལ་སྙན་ངག་འབྲི་བ་ནི
དོན་སླ་བོ་ཞིག་གཏན་ནས་མ་རེད
ཁྱེད་ལ་སྙན་ངག་འབྲི་དུས
ངས་ཐ་སྙད་དང་ཐ་སྙད་བར་ལ་གཙུབ་བརྡར་བྱས་ནས
ངས་བསམ་པ་དང་བསམ་པའི་བར་ལ་བརྡར་ཤ་བཅད་ནས
ངས་དུངས་བ་དང་དུངས་བའི་བར་ལ་སྤྲེལ་ཐག་འཐེན་ནས
ངའི་མིག་ཆུ་དང་མིག་ཆུའི་བར་ལ་མེ་ཏོག་གཏོར་ནས
ངས་འདི་ལྟར་བྲིས་པ་ཡིན
གཉོམ་ཆུང་ངས་འདི་ལྟར་ཁྱེད་ལ་སྙན་ངག་བྲིས་པ་ཡིན
 
ཁྱེད་འབྲི་བ་ནི
ཁྱེད་ལྟ་བུའི་བུ་མོ་ཞིག་འབྲི་བ་ནི
ཁྱེད་ལྟ་བུའི་དགའ་མགུ་ཡིད་འཕྲོག་གི་བུ་མོ་ཞིག་འབྲི་བ་ནི
ང་ལ་མཚོན་ན་བདེ་སྐྱིད་ཅིག་རེད
         རྨི་ལམ་ཞིག་རེད
     སྙན་ངག་ཅིག་རེད
  ཚོར་བ་ཞིག་རེད
མ་མཐའ་ཡང་རང་སྣང་གི་ནམ་མཁའ་ཙམ་རེད
 
ཁྱེད་ལ་རྨ་བྱའི་སྒྲོ་རྫོང་ལྟ་བུའི་སྐྲ་ལོ་མི་རིང་ཞིང
ཁྱེར་ལ་ཟླ་བའི་དཀྱིལ་འཁོར་ལྟ་བུའི་ངོ་གདོང་མི་དཀར་བར
ཁྱེད་ལ་ཚིགས་དྲུག་སྨྱུག་མ་ལྟ་བུའི་གཟུགས་བཞི་མི་དྲང་ཞིང
ཁྱེད་ལ་ཚེར་མོའི་བལ་ཁ་ལྟ་བུའི་གཤིས་ཀ་མི་འཇམ་པར
ཁྱེད་ལ་མེ་ཏོག་དང་ཟླ་བ་གང་ཡང་མ་ཡིན་པས
ཁྱེད་ལ་སྨྱུག་མ་དང་བལ་བ་གར་ཡང་མི་འདྲ་བས
ཁྱེད་ལ་བདག་སེམས་ཀྱི་ཉ་མོ་འགུག་པའི་ལྕགས་ཀྱུ་དེ་ཡོད
ཁྱེད་ལ་བདག་ཡིད་ཀྱི་རྒུམ་བུ་འཐུ་བའི་མཆུ་ཏོ་དེ་ལྡན
 
སུང་གཡུའི(ཕོ་གསར་ཏིན་ཐུ་མཛེས་མར་ཆགས་པ)ཞེས་པའི་ནང་དུ
:སྤྱིན་བདག་བུ་མོའི་སྐུ་གཟུགས་ཏེ།།
སོར་གང་འཕར་ན་རིང་སྐྱོན་དང་།།
སོར་གང་བཅག་ན་ཐུང་སྐྱོན་མངོན།།
དཀར་ཞིང་མཛེས་པའི་བཞིན་རས་ལ།།
དཀར་པོ་བྱུགས་ན་དཀར་སྐྱོན་དང་།།
དམར་པོ་བྱུགས་ན་དམར་སྐྱོན་མངོན།། :
ཁྱེད་ལ་དེ་དང་དེ་འདྲ་བའི་མཛེས་སྡུག་ཡོད་ཀི
ཁྱེད་ལ་དེ་དང་དེ་འདྲ་བའི་མ་བཅོས་ལྷུན་འགྲུབ་ཀྱི་མཛེས་སྡུག་ཡོད་ཀི
 
ཆེས་ཐོག་མར
ཁྱེད་མཐོང་རྗེས་ཀྱི་ཆེས་ཐོག་མར
ཆེས་ཐོག་མར་གྱི་དུས་དེ་ནས་བཟུང
ངའི་དགའ་བ་ཞེས་པའི་ཐ་སྙད་འདི་ཁྱེད་ལ་སྤྱིན་པ་ཡིན
ངའི་དུངས་བ་ཞེས་པའི་མིང་བརྡ་འདི་ཁྱེད་ལ་ཕྱོགས་པ་ཡིན
 
གནས་ལུགས་དང་རྒྱུ་མཚན་ཅི་ཡང་མེད་པའི་དགའ་བ་དེ
གཏན་ཚིག་དང་འདྲི་གཞི་གར་ཡང་མེད་པའི་དགའ་བ་དེ
ཆེས་སྤྱིར་བཏང་གི་དགའ་བ་དེ་ནི
ངའི་ཁྱེད་ལ་བཞིན་པའི་ལེགས་སྐྱེས་དང་པོ་ཡིན
 
ཁྱེད་ཡོད་ན་སྣང་བ་བདེ་མོ་བདེ་མོ་ཞིག
ཁྱེད་མེད་ན་སེམས་པ་གྲང་མོ་གྲང་མོ་ཞིག
ཁྱེད་མཐོང་ན་ནམ་ཟླ་དྲོན་པོ་དྲོན་པོ་ཞིག
ཁྱེད་མེད་ན་ཁོར་ཡིག་རྩུབ་མོ་རྩུབ་མོ་ཞིག
གང་ལྟར  མིག་ཕྱེས་ནས་ཀྱང་རྨིས་ཆོག་པའི་རྨི་ལམ་འདི་ལྟ་བུ་ཞིག
ང་ཁྱེད་ལ་དགའ་བའི་སྙན་ངག་ཐོག་མ་ཡིན
 
ཞོགས་པ་དེར
ངའི་སེམས་སུ་ཁ་རོག་གེར་སྦས་ཡོད་པའི་བུ་མོ་ཁྱོས
ཞེ་དུང་དུང་དང་སྙིང་ཉེ་ཉེ་ཡི་བུ་མོ་ཁྱོས
གཞོན་ནུ་ངར་ཟུར་མིག་འཕངས
ཟུར་མིག་དེ
ངའི་ཆེས་ཐོག་མའི་བརྩེ་དུང་གི་དྲན་རྟགས་སུ་བཞག་ནས
ཟུར་མིག་དེ
ངའི་ཆེས་སྔ་མའི་ལས་དབང་གི་འགོ་བརྗོད་རུ་བགྲང་ནས
འཆོར་མེད་མདའ་མོ་ལྟ་བུའི་ཟུར་མིག་དེ
ངའི་རང་ཉིད་ཀྱི་སྐད་ཆ་གཞན་ཞིག་གམ
སྙན་ངག་གཞན་ཞིག་ཏུ་བརྩི་བཞིན་ཡོད
 
ཚོར་བ་སྨྱུག་ཁ་རུ་དྲངས་ནས
སྙན་ངག་ཅེས་ཁ་ཕོ་འཐེན་མཁན་གྱི་བུ་ངས
ཁྱེད་ཀྱིས་སྤྱིན་པའི་ཚོར་འདུ་རེ་རེ་ཡིག་ངོར་བཀོད་བཞིན་ཡོད
འདི་ལྟར་ཡིག་ངོར་བཀོད་ནས་རང་ཉིད་ཀྱི་དྲན་ཐོ་རུ་འཇོག་པ་ནི
སློབ་མ་གླེན་པ་ངའི་དགའ་ཕྱོགས་ཡིན་ལ
རང་ཉིད་ཀྱི་སྐྲ་ལོ་དང་སྙན་ངག་ཡིན
  ་ ་ ་ ་ ་ ་
 
དགོང་མོ་དེར
བརྗེད་མི་སྲིད་པའི་དགོང་མོ་དེར
ངའི་ཁྱེད་ཀྱི་འཕྲིན་ལན་ལ་བལྟས་པ་ཡིན
སྙིང་མགོར་ཟུག་པའི་ཡིག་འབྲུ་འགའ་འདི་ལྟར་བྲིས་འདུག
འདི་ལྟར་བྲིས་འདུག་སྟེ
༞དགོངས་དག་ཞུ  ངའི་ཁྱེད་ལ་དང་ལེན་བྱེད་མི་ཉན༞
བུ་མོ་ཁྱོས་དངོས་གནས་འདི་ལྟར་བྲིས་འདུག
 
ང་ཁྱེད་ལ་དགའ་དགའ་ནས
ང་ཁྱེད་ལ་དུངས་དུངས་ནས
འཇུག་མཐར  ཁྱེད་ཀྱིས་འདི་ལྟར་བྲིས་འདུག
བརྩེ་བར་དམར་གསོད་བྱས་པའི་ཡིག་འབྲུ་འགའ་འདི་ལྟར་བྲིས་འདུག
དུངས་བར་རྐང་བརྫིས་བྱས་པའི་ཡིག་འབྲུ་འགའ་འདི་ལྟར་བྲིས་འདུག
 
ཡིག་འབྲུ་འདི་དག་གིས
དུག་ནག་ཚེར་མ་ལྟ་བུའི་ཡིག་འབྲུ་འདི་དག་གིས
༼  ངའི་སྙིང་གསོན་པོར་སོ་ཁམ་དགུ་བྱས་ཐལ༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།