གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླངས་འཁོར་བཀྲུས་པ་ནི་ངོ་གདོང་བཀྲུས་པ་དེ་ཡིན་འདུག

2012-01-02 12:15:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


མྱི་བུ་ཚོས་རླངས་འཁོར་བཀྲུས་ཀྱིན་འདུག
ཞིབ་ཚགས་དང་སེམས་ཆུང་གིས་བཀྲུས་ཀྱིན་འདུག
གཟའ་འཁོར་དང་ཉི་མ་བགོས་ཏེ་བཀྲུས་ཀྱིན་འདུག
ཤོག་སྒོར་དང་ཁྲུས་རྫས་མང་བོས་བཀྲུས་ཀྱིན་འདུག
 
ཡང་གཅིག་བཤད་ན
རླངས་འཁོར་དེ་བཀྲུས་དགོས་རྒྱུ་རེད
རླངས་འཁོར་བཀྲུས་བ་ནི
ཁོང་ཚོས་རང་རང་གི་གདོང་བཀྲུས་བ་དེ་ཡིན་འདུག
དྲང་མོ་ཞིག་བཤད་ན
རླངས་འཁོར་བཀྲུས་བ་དེ་ངོ་མ་གཙང་གི
ཐ་ན  ཁོང་གི་ལྟོ་བ་དེ་ཡང་གསལ་བོར་ནང་དུ་ཤར་འདུག
 
མཚམས་མཚམས་རེར
ཁོང་གིས་རླངས་འཁོར་རང་ཉིད་ལ་འཁྲུལ་གྱིན་འདུག
ཐ་ན   རང་གི་ཤ་ཁྲག་དག་ཀྱང་རླངས་འཁོར་ལ་འཐིམ་གིན་འདུག
རླངས་འཁོར་གྱིས་ཀྱང་ཁོང་དང་འདྲ་བར་ཐ་མག་གོང་ཆེན་ཞིག་འཐེན་གིན་འདུག
ཤ་གཉེན་ཟེར་བའི་མྱུར་ལམ་ཞིག་ལ་ད་ལྟ་ལོབས་ཚར་ཡག་རེད
ལན་རེར  ལམ་ཆ་ཡོད་ནས་དུང་བརྡ་ཆ་མེད་ཅིག་གཏོང་ཡང་སྲིད
ལན་རེར  ཤོག་སྒོར་གྱི་པང་ནས་ཁྱེད་ལ་ཟུར་མིག་བགྲད་ཀྱང་སྲིད
 
གང་ལྟར  དྲང་མོ་ཞིག་བཤད་ན
རླངས་འཁོར་བཀྲུས་བ་དེ་ངོ་མ་གཙང་གི
ཁོང་གི་གདོང་ནི་སྨྲ་ཅི་དགོས
ཐ་ན  ཁོང་གི་ཡིག་ཚགས་ལས་ཀྱང་གཙང་གི་གཙང་རེད
 
རླངས་འཁོར་དེ་བཀྲུས་དགོས་རྒྱུ་རེད
རླངས་འཁོར་ཡང་ཧ་ཅང་བརྗིད་དེ
ཁོང་གི་སྐུ་དང་ཨ་ན་མ་ན་ཡིན་འདུག
 
ཞིབ་ཚགས་དང་སེམས་ཆུང་བྱ་དགོས་རྒྱུ་རེད
གཟའ་འཁོར་དང་ཉི་མ་བགོད་དགོས་རྒྱུ་རེད
ཤོག་སྒོར་དང་ཁྲུས་རྫས་མང་བོ་བཀོལ་དགོས་རྒྱུ་རེད
རླངས་འཁོར་བཀྲུས་བ་ནི་རང་གི་གདོང་བཀྲུས་བ་དེ་ཡིན་འདུག
 
འདང་ཞིབ་མོ་རེ་བརྒྱབ་སྟེ
སྐད་ཆ་དྲང་མོ་རེ་བཤད་ན
རླངས་འཁོར་བཀྲུས་བ་ནི
མྱི་བུ་ཞིག་གིས་ཁྲུད་བྱས་པ་དེ་ཡིན་འདུག
མྱི་བུ་ཞིག་གིས་ཕྱི་ཚུལ་ཁོ་ན་དེ་བཀྲུས་བ་ནི
སྐྱག་པ་བླུགས་པའི་ཁུག་མ་ཞིག་གི་ཕྱི་ཤུན་བཀྲུས་བ་དེ་ཡང་ཡིན་འདུག
 
ད་ལྟ་ཚོད་ཚོད་སེམས་ཁུར་ཞིག་ལ
སྐྱག་སྣོད་དེའི་སྐྱག་དྲི་ནམ་ཞིག་ལ་འཐུལ་འོངས་ཤིང
རླངས་འཁོར་དེས་དབྱིང་གཉིས་ཐན་རྫས་གང་ཞིག་ནས་གཏོང་བ་དེ་ཡིན་འདུག
གཞན་ཡང  ད་རུང    རང་ཉིད་ཀྱང་ནམ་ཞིག་ལ
སྐྱག་པ་གཏོང་ཤེས་པའི་ཁུག་མ་ཞིག་ལ་འགྱུར་རྒྱུ་དེ་ཡིན་འདུག
 
རླངས་འཁོར་བཀྲུས་བ་ནི
རང་ཉིད་ཀྱི་བྲང་གཞུང་བཀྲུས་བ་ཡིན་ན་ཅི་མ་རུང་ལ
རང་ཉིད་ཀྱི་ཕྱི་ནང་ཀུན་ཀྱང
རླངས་འཁོར་དང་འདྲ་བར་བཀྲུས་ཐུབ་ན་་་་་་
                                                       ༢༠༡༡ ༡༢ ༢༩ ནངས་མོར་མལ་ཤག་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།