གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་འདི་དག

2011-12-29 10:23:00 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།


བསམ་བློ་དང་གནས་ལུགས་ཀྱི་མཐོ་སར་འགྲེང་དུས
མཐའ་མཁོར་གྱི་མི་འདི་དག་ནི་རང་ཉིད་དང་ཇི་འདྲའི་ཁ་ཐག་བཀྱེད་ཡོད་ཨང
ཇི་འདྲའི་ཁ་ཐག་བཀྱེད་ཀྱང་ཁ་འབྲལ་ཐབས་མེད་པ་ནི
དྲང་མོར་བཤད་ན   མི་འདི་དག་ཡིན་ནམ
 
མི་འདི་དག  ཤ་རུས་ཀྱི་གཏིང་སར་ཟུག་ཟིན་པའི་མི་འདི་དག
བསམ་བློ་དང་ན་ཟུག་གི་གཞི་ལ་འཐིམས་ཚར་བའི་མི་འདི་དག
ངག་རྒྱུན་གྱི་པགས་ལ་འཐམས་ཏེ་དོན་དངོས་ཀྱི་ཤ་ཁྲག་ལ་མི་དུངས་པའི་མི་འདི་དག
འཆལ་སྤྱོད་ལུང་གཏམ་ལ་སྤྲོ་ཞིང་ཡོད་ཚད་ཀྱི་རེ་བ་གནམ་ལ་བཅོལ་དགའ་བའི་མི་འདི་དག
 
ཨ་ཨ  རང་ཉིད་དང་ཇི་འདྲའི་རྒྱང་ཐག་རིང་ཨང
ཡང་ན  ཇི་འདྲའི་ཁ་ཐག་ཉེ་ཨང
 
སེམས་ཅན་ཐམས་ཅད་ཁ་ལ་འཁྱེར་དགའ་བའི་མི་འདི་དག
སྤུན་ཟླ་ནང་དམེ་དང་བསམ་བློ་དམར་གསོད་ལ་གོམས་པའི་མི་འདི་དག
ཕྱི་ནང་ཡོད་ཚད་དབུལ་ཞིང་ཕོངས་ཀྱང་སྣང་བ་རང་ཡན་འཁྱར་བའི་མི་འདི་དག
ཁྱོད་ཚོའི་མཐར་ཐུག་གི་བགྲོད་ལམ་གང་དུ་གསལ
 
རང་ཉིད་ལ་བཞུད་ལམ་དང་དམིགས་འབེན་གྱི་ཁ་ཕྱོགས་བོར་བའི་མི་འདི་དག
བླ་སྲོག་ལ་བརྩི་བཀུར་དང་རང་ཉིད་ལ་གཅེས་འཛིན་མེད་པའི་མི་འདི་དག
གང་ཡིན་ལ་མགོ་སྒུར་དང་དོགས་འདྲི་ཡི་བློ་མིག་ཞར་བའི་མི་འདི་དག
 
མི་འདི་དག  མི་འདི་དག
ངའི་སེམས་ཁོང་གི་མི་དེ་གང་ན་ཡོད   གང་ན་ཡོད
མ་འོངས་པའི་ངའི་མི་ཚེའི་བཞུད་ལམ་ན་ཡོད་དམ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།