གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་དུང་གི་མེ་རི་བརྒལ་བའི་གཏམ་རྒྱུད།

2011-12-24 15:24:00 དུང་། ཀློག་གྲངས། མཆན ཡོད།

         ---- Pལ་ཆེད་དུ་ཕུལ་བའི་སེམས་ཀྱི་གཞས་ཆུང༌།
               ༡
དབྱར་ཟླ་དྲུག་པ་ཚེས་གྲབས་ཡོད་ཀྱང
དེ་རིང་གི་གནམ་གཤིས་ཧ་ཅང་འཁྱག་གི
ཏག་ཏག་ལོ་ངོ་འདི་དག་གི་རིང་དུ་ཉི་མ་ཤར་དུས་ཀྱང
ང་ལ་དྲོད་སྣང་ཙམ་ཡང་སྐྱེ་རྒྱུ་མི་འདུག
ད་ནི་གསང་དགོས་དོན་ཅི་ཡང་མེད་དེ
ང་ཡིས་དངོས་གནས་ཁྱོད་རང་དྲན་གི
རྨི་ལམ་དུའང
གཡོལ་ཐབས་མེད་པ་ཁྱོད་ཀྱི་མིག་ཟུང་རེད
          ༢
སྐད་ཆ་འགའ་ཞིག
སྔོན་ཆད་ནས་ཁྱོད་ལ་བཤད་ཟིན་པ་ལྟར་ཡིན་ནའང
ཀྱག་ཀྱོག་གི་ལམ་བུ་འདི་བརྒྱུད་དེ་འགྲོ་དུས
ངས་ཁྱོད་རང་མི་དྲན་པའི་ཐབས་ཤིག་རྙེད་མ་སོང
གསལ་བོ་བྱས་ཏེ
ཐད་ཀར་ལབ་ན
བྱ་ཐབས་ཆུང་ཆུང་དག་སྤྱད་ན་ཡང་མི་འདོད
              ༣
དོ་དགོང་ངས་ལྷག་ཏུ་ཁྱོད་རང་དྲན་གྱིན་འདུག
མི་ཉག་རྒྱལ་པོའི་མཁར་རྫོང་གི་ལེའུ་རེ་རེ་དྲན་གྱིན་འདུག
དགུན་གཞུང་གི་སྐད་ཆ་དེ་དག
རང་སེམས་ལ་ཚོད་འཛིན་མི་ནུས་སྤྱད་ཀྱི་ཚོར་བ་དེ་ཉིད
ནམ་ཞིག་ཁྱོད་ལ་ཐུག་ན
མ་བཤད་ཀ་མེད་དུ་འགྱུར་སྲིད་པ་དག
              ༤
ཁྱོད་ལ་འགྱུར་མེད་ཀྱི་མཛའ་བ་ཞིག་ཡོད་ན
ཁྱོད་ལ་ལྷད་མེད་ཀྱི་ངང་རྒྱུད་ཅིག་འདུག་ན
ང་མུ་མཐུད་དུ
ཁྱོད་ལ་དགའ་ཆོག
སེམས་ཀྱི་དམར་མོ་དག
སེམས་ཀྱི་གསང་བ་དག
ནམ་ཡང་ཁྱོད་ལ་ཉར་ཡོད
           ༥
ཚོད་མི་ཐུག་པ་དག
མ་འོངས་པ་མ་རེད  དེ་རིང་གི་ཁྱོད་རེད
བཅོས་སུ་མེད་པ་དེ
བསྒྱུར་ཏུ་མེད་ས་དེ  མི་སེམས་ཀྱི་ཚོར་འདུ
ཀུན་གྱི་ཁ་ནས་བརྩེ་དུང་ཞེས་འུར་གྱིན་པ་འདི་རེད
             ༦
ང་རང་ཇི་འདྲའི་མགོ་རྨོངས་ན་ཡང
མི་ཚོགས་ཀྱི་འཚང་ཁའི་གསེབ་ཏུའང
ཁྱོད་རང་སུ་དང་ནོར་གྱིན་མི་འདུག
རྒྱུ་མཚན་གསལ་བོ་ལབ་རྒྱུ་མེད་པར
སེམས་པ་ཁྱོད་ལ་ཤོར་ཉིན་ནས་བཟུང
ནམ་ཡང་ཕྱིར་ལོག་པའི་རེ་བ་ཙམ་ཡང་བཅང་གི་མེད
              ༧
ཁུ་སིམ་པའི་ཁེར་རྐྱང་གི་མཚན་མོ་རེར
ཟླ་བ་སྒེའུ་ཁུང་ལས་མར་ལྷུང་ཡོང་དུས
ལོ་དང་ཟླ་བ་སོང་བའི་དུས་ཚོད་ཀྱི་རྒྱང་སྐྱོད་དང་ལྷན་དུ
ངས་རང་སེམས་ལ་དམ་བཅའ་བཞག་ཡོད
གློ་བུར་དུ
མདུན་ཕྱོགས་ནས་མེ་རི་ཞིག་འཕྱུར་བྱུང་ན་ཡང
ཁྱོད་ཀྱི་ཆེད་དུ་དེ་ལ་བརྒལ་བར་རྩོམ་རྒྱུའི་ཐེ་མི་ཚོམ
               ༨
ཁྱོད་དང་ང་ཕ་ཡུལ་ལ་དགའ་བཞིན
རི་བོ་ཧི་མ་ལ་ཡ
ནམ་ཡང་བདག་གི་བརྩེ་དུང་གི་ཚབ་ཏུ་འགྱིང་འདུག
ཁོ་ར་ཁོར་ཡུག་གི་བགྲང་ལས་འདས་པའི་རྩི་ཏོག་གིས
ང་ཡིས་ཁྱོད་རང་དྲན་པའི་གྲངས་ཀ་མཚོན་གྱིན་ཡོད
                ༩
གལ་ཏེ
སྐབས་དེ་དག་ཏུ་ཁྱོད་རང་མེ་ཏོག་གི་ཚལ་དུ་སྐྱོད་ཀྱིན་ཡོད་ན
བར་སྣང་གི་སྦྲང་ཆུང་ཁེར་རྐྱང་དེ
ང་རང་ཁྱོད་ལ་ཆགས་པའི་གཟུགས་བརྙན་ཡིན་སྲིད
                         ༢༠༠༦ལོའི་ཟླ༦ཚེས༡༤ཉིན་རྨ་ཆུ་རུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།