གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་སྔུར་བ་ལ་ཉན་ནས་སྙན་ངག་བྲིས་པ།

2011-12-23 10:11:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


མཚན་མོ་འདི་བཙན་འཛུལ་བ་ཞིག་གིས་བཙན་འཛུལ་བྱས་པ་བཞིན
གློ་བུར་དུ་སྣག་ཚ་ནག་ནོག་ཕོན་པོ་ཞིག་ས་ལ་བྱོ་རྗེས
ངས་སྔུར་བ་ལ་ཉན་ནས་སྙན་ངག་བྲིས
 
མཚན་མོ་འདིར་སྔུར་བ་འཐེན་པ་ནི
སྙན་ངག་ལ་འབྲེལ་བ་ཅི་ཡང་མེད་མོད
སྙན་ངག་འདི་འབྲི་དོན་ནི
སྔུར་བ་དེ་ཚོ་དང་བྲལ་ཐབས་ཡེ་ནས་མི་འདུག
 
མཚན་མོ་འདི  ཟླ་བ་མག་མོག་གི་མཚན་མོ་དེ་རེད
མཚན་མོ་དེ  ང་རང་གཉིད་ཐུན་ཐུང་བའི་མཚན་མོ་དེ་རེད
མཚན་མོ་འདི  ཝུ་ཆང་དང་སྐྱུག་རོ  ཀི་སྒྲའི་མཚན་མོ་དེ་རེད
མཚན་མོ་འདི  ངའི་ཉལ་གྲོགས་ཚོའི་སྤྲོ་སྐྱིད་ཀྱི་མཚན་མོ་དེ་རེད
 
མཚན་མོ་དེར་ཝུ་ཆང་གིས་ཁོར་ཡུག་ལ་ཁ་མདོག་བཟི་བོ་ཞིག་བྱུགས་ཏེ
རང་ཉིད་མཚན་གུང་གི་གླུ་བ་རུ་སྤྲུལ་ནས
གཉིད་ཡོད་པ་མང་བོ་ཞིག་གི་མིག་ཟུང་དབྱེད་ཅིང་ཡིད་སེམས་དཀྲོགས་རྗེས
ད་གཟོད  ཅི་ཡང་རང་གྲུབ་ལྟར
མཚན་སྨད་ཀྱི་ཀློང་ནས་སྔུར་བ་ཡང་མོ་ཞིག་ལ་རོལ་སོང
 
མཚན་མོ་དེར་སྙན་ངག་བྲིས་པ་ནི
མཚན་གུང་གི་གླུ་སྐད་ལ་འབྲེལ་བ་ཅི་ཡང་མེད་ལ
སྔུར་བ་དེའི་ཡང་ལྗིད་དང
ཝུ་ཆང་དེའི་ཡོང་ཁུངས་ལ་འབྲེལ་བ་དེ་མེད་ཐབས་མི་འདུག
 
མུན་ནག་གི་ཀློང་ནས
འབོལ་ཁྲི་ལ་ཉལ་ཡོད་པ་ལྟ་བུའི་རྔུབ་བ་ཡང་མོ་དེར་ཉན་ན
མཚན་མོ་དེར་ང་གཉིད་མི་ཁུགས་ཤིང
མཚན་མོ་དེར་ངས་སྙན་ངག་བྲིས
 
མཚན་མོ་དེར་ངས་སྙན་ངག་ལ་ཁྱེད་ལ་སྔུར་བ་ཡོད་དམ་ཞེས་ཡང་ཡང་དྲིས་མྱོངས
མཚན་མོ་དེར་ངས་སྔུར་བ་དེའི་འགུགས་དབྱངས་ཁྲོད་ནས་གཉིད་མ་སད་ཀྱི་མི་བུ་འགའ་མཐོང་འོངས
 
མཚན་མོ་འདི  ཟླ་བ་མག་མོག་གི་མཚན་མོ་དེ་རེད
མཚན་མོ་དེ  ང་རང་གཉིད་གཏན་ནས་མ་ཁུགས་པའི་མཚན་མོ་དེ་རེད
མཚན་མོ་དེར  སྔུར་བ་ལ་རོལ་ཏེ་རྨི་ལམ་ན་འཁོར་བའི་མཚན་མོ་དེ་རེད
མཚན་མོ་འདི  སང་ཉིན་ཞེས་པ་ཞིག་ཡེ་ནས་དྲན་མ་མྱོང་བའི་མཚན་མོ་དེ་རེད
 
མཚན་མོ་དེར་ང་ལ་གཉིད་མ་ཁུགས
མཚན་མོ་དེར་ངས་སྔུར་བ་ལ་ཉན་ནས་སྙན་ངག་བྲིས
 
མཚན་མོ་འདི་བསླུ་བྲིད་ཀྱིས་བཟོས་པའི་མཚན་མོ་བཞིན
ནག་པར་སླ་ལ་དཀར་བར་དལ་བས
མཚན་མོ་འདི་ལོ་གཅིག་ཅན་གྱི་ཁྱེའུ་དཀར་བོ་བཞིན
གཉིད་པར་སླ་ཞིང་སད་པར་དཀའ་བས
ངས་མཚན་མོ་དེར་སྔུར་བ་ཉན་ནས་སྙན་ངག་བྲིས
 
མཚན་མོ་གཉིད་མི་ཁུགས་པ་ནི
མཚན་མོ་ལ་འབྲེལ་བ་གཏན་ནས་མེད་ལ
རང་སེམས་ལ་འབྲེལ་བ་དེ་ཡེ་ནས་མེད་ཐབས་མི་འདུག
མཚན་མོ་སྔུར་བ་ལ་ཉན་པ་ནི
སུན་སྣང་ཟེར་བ་དེ་འབྲེལ་བ་གཏན་ནས་མེད་དེ
དེ་ནི་རང་སེམས་དང་རང་ཉིད་ལ་དོགས་ཟོན་ཞིག་བྱས་པ་དེ་ཡིན་འདུག
 
མཚན་མོ་དེར་ང་ལ་གཉིད་མ་ཁུགས
མཚན་མོ་དེར་ངས་སྔུར་བ་ལ་ཉན་ནས་སྙན་ངག་བྲིས
མཚན་མོ་དེར་ངས་སང་ཉིན་ནན་གྱིས་དྲན་འོངས
                  ༢༠༡༡ ༡༢ ༡༨མཚན་དཀྱིལ་དུ་མལ་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།