གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་མཁན་གྲགས་ཅན་ལྗང་བུས་སྙན་ངག་དུས་ཆེན་ལ་བྲིས་པའི་རི་མོ་གཅིག་དང་གྱེར་བའི་སྙན་ངག་གཉིས།

2011-12-19 17:32:00 ལྗང་བུ། ཀློག་གྲངས། མཆན ཡོད།

 
 ༡།ས་ཆ་ནི་ཉིག་ཡོག་གི་ཀོལུམ་སྦིས་ཡའི་སློབ་ཆེན་ཡིན།
༢།དུས་ཚོད་རི་མོར་འཁོད་ཡོད།


 
              ཕྱོགས་མཚུངས།
མཆན་འོག་གི
ཤ་སྐྱི་སྲབ་སའི
རྩིབས་བར་ནས་འཛུལ་འོང་སྟེ
འོད་ཆེམ་ཆེམ་གྱི་གློ་གྲི་ཞིག
ངའི་སྙིང་དང་སྤུ་ཉག་ཅིག་གི་མཚམས་སུ་བསྡད
མི་ལོ་དུ་མའི་རིང
དམར་ཧྲེངས་ངང
བཙའ་ཡིས་ཟ་བཞིན་པའི
སྒོ་ལྕགས་ཤིག་གི་ཁོག་པར་ཤུད་འདྲིལ་ཐེབས་ཙང
ལྡེ་མིག་ཁུ་སིམ་མེ་བ་དེས་ཨ་ལོག་ཁ་ཤས་བརྒྱབ

ཁྱོད་ཀྱི་ལུས་པོས
གླུ་གཞས་གཏོང་གིན    མུན་ནག་ཁྲོད་ན
རྒྱུགས་ཤར་གློད་ཀྱིན་པའི་རྟ་མཆོག་ལས་ཀྱང་བྲེལ་ཆ་ཆེ
རྟ་མཆོག་གི་རྨིག་མཐིལ་མཁྲེགས་པོས
ལོ་མ་དང་།  བདེ་བ་དང་།     ང་ཡི་དཔུང་བར་སོ་ཤད་རྒྱག
                        ༢༠༠༩་༦་༡༣ཉིན་།

   བརྗེད་པ་དེ་གོམས་གཤིས་ཆགས་དགོས།
བརྗེད་མི་འོས་པ་དེ་བརྗེད་སླ་སྟེ།
དཔེར་ན་།   ཞོགས་པར་ངག་སྐྱོར་བྱས་མ་ཐག་པའི་
ཚིག་གསར་དང་།     ཨིམེལ་གྱི་གསང་བའི་ཨང་གྲངས།          
བརྒྱུད་མ་ཐག་གི་ལམ་ཁ་དང་ཤོར་མྱོང་བའི་ཡིད་ཆེས།
ཁེ་བཟང་བགོ་བཤའ་བརྒྱབ་མ་ཐག་གི་ཚོང་ཤག་དང་།
དམག་མཚམས་ཆིངས་ཡིག་ལ་ད་ལྟ་རང་མིང་རྟགས་འགོད་མཁན་ལག་པ།
དཔེར་ན་ད་དུང་།    ད་དུང་…   ད་དུང་མང་ཆེ་བ

དེ་ལས་ལྡོག་སྟེ།
རྨི་ལམ་སྟེས་དབང་བའི་ནང་གི་མེ་སྟག་ཆུང་ཆུང་ཞིག་གི་འབར་ཚུལ།
གྱེས་ཁ་སླེབས་མུར་མགྲིན་པ་ནས་མ་ཁྲོལ་པའི་སྐད་ཆ་ཚིག་གཅིག
ཡུལ་གྱར་བ་ཞིག་ཚམ་ཚོམ་ངང་བྲོས་བྱོལ་བྱེད་ཁར་ལུས་པའི་
རྩྭ་ཐང་དང་རྩྭ་ཐང་གི་ལམ་ཕྲན།      གཙང་པོ་ཁ་ཤས་དང་རྨ་ཁ་ཟབ་མོ།        
ད་དུང་།           ད་དུང་།           འདི་དག་ནི་ད་ལྟའང་ད་དུང་སེམས་ལ་ཝ་ལེ་ཝ་ལེ།

ང་ཚོས་བརྗེད་འོས་པ་དེ་བརྗེད་པར་དཀའ་བར་བསམ་ན་།
བརྗེད་མི་འོས་པ་དེ་བརྗེད་པར་གོམས་གཤིས་ཆགས་དགོས་སྙམ།
                    ༢༠༠༣་༠༣་༠༩  གཟའ་ཉི་མར་ནིག་ཡོག་ཏུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།