གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཁུར་གྱིས་བྲིས་པའི་སྙན་ངག་ཐར་ཐོར་མ།

2011-12-14 08:31:00 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

               -རང་ཉིད་གཞུང་ཞབས་པའི་རྒྱུགས་ཤིག་ལ་ཞུགས་རྗེས།

ཨ་ཕས་བསང་ཕུད་གི་ཡོད་ཟེར
ཨ་ཁུས་རྔ་སྦུག་རྡུང་ནས་སྐོང་རྔ་འདོན་གི་ཡོད
ཨ་མས་སྒྲོལ་མ་ཆད་གི་མེད་ཟེར
ནུ་བོས་ང་ལ་ཡིད་ཆེས་ཡོད

གྲོགས་པོ་ཚོས་ཁྱོས་བྱ་བ་རྙེད་སོང་ངམ་ཞེས་ཁ་པར་ཐོན་འོངས
རུ་སྡེ་བས་དེ་ངར་སོང་ཟིག་ཅེས་ཁ་འཆུག་ཅིག་བཤད་ཀྱིན་འདུག

ས་མཐའ་འདི་ནས
ཨ་ཕའི་བསང་མཆོད་དང་ཨ་ཁུའི་རྔ་སྦུག
ཨ་མའི་སྒྲོལ་མ་དང་ནུ་བོའི་ཡིད་ཆེས
གྲོགས་པོའི་ཁ་པར་དང་སྡེ་བའི་ཁ་འཆུག
ཡོད་ཚད་ཐེག་པར་དཀའ་བའི་ཁུར་བོ་ཞིག་དང་འདྲ་སྟེ
ནམ་ཡང་བརྒལ་པར་དཀའ་བའི་རང་ཉིད་འདིའི་ཕྱི་ནང་མནར་འགྲོ་གི

མཚམས་མཚམས་རེ
དེ་དག་ཡོད་ཚད་ཀྱང
ཡིད་ཆེས་དང་རེ་བས་བཏུམ་པའི་རང་ཉིད་ཀྱི་སྙན་ངག་དང་འདྲ་བར
སེམས་ཀྱི་གཏིང་དང་སྙིང་གི་དབུས་ལ
ཚ་བེ་སེ་འདུག་པའི་དྲོ་ཐིག་ཅིག་དང

འོད་ཀྱི་ཟེགས་མ་དང་འདྲ་བའི་རེ་བ་ཞིག་ཀྱང་ཚོད་ཚོད་ལ་སྦྱིན་འོངས

ད་ལྟའི་གནས་བབ་འདི་ནས
ཁོང་ཚོའི་སེམས་ཁུར་གྱི་མདུད་པ་དེ་ངས་ཅི་ལྟར་གྲོལ་དགོས་སམ
སྙན་ངག་ཅིག
ཡང་ན་ཤོག་སྒོར་འགའ
ཡང་ན་ལས་གནས་ཤིག
ཡང་ན  ཨ་ཨ  ཅི་ཞིག་སྤྲོད་དགོས་སམ

བསམ་བསམ་དུས
ཁོང་ཚོ་སུ་ཞིག་གི་ཆེད་དུ་གསོན་པ་དང
ང་རང་ཉིད་ལ་ཅི་ཞིག་མཁོ་བ་དེ་ངས་བརྗེད་འདུག

བརྗེད་སོང་ན
ངས་སྙན་ངག་རེ་བྲིས་ཏེ་སེམས་གསོ་རེ་བྱས་ཀྱིན་ཡོད་ལ
དཔེ་ཆ་རེ་བཀླགས་ཏེ་སེམས་འདུན་རེ་སྐོང་གིན་ཡོད

ཧུར་ཐག་རེ་བྱས་རྗེས
ནམ་ཞིག་ཁོང་ཚོར་རྩིས་སྤྲོད་ཡག་པོ་ཞིག་བྱས་ཐུབ་པ་དང
ནམ་ཞིག་ལ་རང་ཉིད་ཁོང་ཚོར་མ་ཁེན་པར་དྲང་བོར་ལངས་ཐུབ་བམ་སྙམ་གྱིན་ཡོད

དེ་རིང་སྙན་ངག་འདི་འབྲི་དུས
ངས་རང་ཉིད་སྙན་ངག་ལས་རྒས་འདུག་པ་དེ་ཚོར་བྱུང

ཨ་ཕའི་བསང་དུད་ཀྱིས་རི་ཀླུང་འཐུལ་འདུག
ཨ་ཁུའི་རྔ་སྦུག་གིས་དགོན་སྡེ་དཀྲོགས་འདུག
ཨ་མའི་སྒྲོལ་མས་ཁོ་མོར་བཀྲག་མདངས་བསྣན་འདུག
ནུ་བོའི་ཡིད་ཆེས་ཀྱིས་ང་ལ་བལྟས་འདུག
ཡིན་ཡང  ངས་ད་རུང་རྨི་ལམ་ཞིག་རྨི་བཞིན་འདུག
ཤོག་ངོས་དཀར་བོ་ན་འཚེར་བའི་རྨི་ལམ་ཞིག་རྨི་བཞིན་འདུག

དེ་དག་ཡོད་ཚད་ཁོང་ཚོས་ང་ལ་བཏང་བའི་ཕོ་ཉ་དེ་ཡིན་འདུག
དེ་དག་ཡོད་ཚད་ཁོང་ཚོས་ང་ལ་བསྟར་བའི་སྤྱན་ཟུང་དེ་ཡིན་འདུག

ཚོད་ཚོད་ལ་འདི་ལྟར་བྲིས་རྗེས
ངས་ད་གཟོད་རང་ཉིད་ཀྱིས་རྨི་ལམ་ཡག་པོ་ཞིག་རྨི་བཞིན་འདུག་པ་དེ་ཚོར་བྱུང
ངས་ད་གཟོད་རང་ཉིད་ལ་རྨི་ལམ་དང་འདྲ་བའི་སྙན་ངག་ལས་ཅི་ཡང་མེད་པའང་ཚོར་བྱུང
                                             2011 12 1ཉལ་ཁང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།