གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་སྙན་ངག་པ་གསུམ་གྱི་སྙན་ངག

2011-12-13 18:52:00 རྨོག་རུ་ཤེས་རབ་རྡོ་རྗེ་སོགས། ཀློག་གྲངས། མཆན ཡོད།

          སྲང་ལམ་དོག་མོ།
                            རྨོག་རུ་ཤེས་རབ་རྡོ་རྗེ།

སྲང་ལམ་དོག་མོ་འདི་མུན་ནག་གི་ཚེར་མས་ཁེབས
བྲག་ཅ་རིང་མོས་ཁེར་རྐྱང་གི་བར་སྣང་ཁྱབ
ལྡོག་སྒྲའི་རྗེས་སུ་ལྡོག་སྒྲ་ཁྲིད་དེ
སྙིང་གི་འཕར་ལྡིང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་བསྒྱུར
རྣ་བ་ལག་པས་བཀབ་ཀྱང
བྲང་ཁོག་ཧྲིལ་བོར་སྐྱོམ་པའི་བྲག་ཅ་རིང་མོ་དེ
ཁྲག་གིས་སྦགས་པའི་ལག་པ་ཞིག་ལྟར
ང་ཡི་རྨི་ལམ་གྱི་རུས་སུ་ཟགས
                   ༢༠༡༡ .༡༢ .༠༩

         ང་ཧ་ཅང་སྐྲག་སྟེ།
                     དུག་ཞགས།
ང་ཧ་ཅང་སྐྲག་སྟེ
རྒྱུ་མཚན་ནི་ངའི་མིང་བྱང་གི་ཡི་གེ་དེ
རེའུ་མིག་ཅིག་གི་བསྟར་འཕྲེང་ལ་བསྒྲིགས་ནས
ད་དུང་ང་མཚོན་པར་བྱེད་པའི་འདྲ་པར་དེ་དང
ངོ་སྤྲོད་ཐུང་ངུ་ཞིག་ཀྱང་ལོ་རྒྱུས་ཡིན་ཟེར་བའི་ཡིག་ཆའི་གསེབ་དུ་བཅུག་རྗེས
ང་ཧ་ཅང་སྐྲག་སྟེ
ཁོ་མོའི་རྨི་ལམ་ཡང་ཆེས་མཐའ་འཁོབ་དུ་ལྷུང་སྲིད

ང་ཧ་ཅང་སྐྲག་སྟེ
དོ་ནུབ་ང་གཅིག་པུ་མལ་སའི་ནང་འཛུལ་ནས
རང་ཉིད་ཡིན་ནམ་སྙམ་པའི་ཐེ་ཚོམ་དང་བཅས
སུ་ཞིག་གི་ཁ་པར་ཨང་གྲངས་མཛུབ་མོས་མནན་ཏེ
འཇིག་རྟེན་གྱི་དྲོ་འཁྱག་ལ་སེམས་པ་གླན་སྐབས
ང་ཧ་ཅང་སྐྲག་སྟེ
ཁོ་མོ་ནི་བདག་གི་གཉེན་ཉེ་དེའི་རྣམ་ཤེས་ཡིན་ཡང་སྲིད

ང་ཧ་ཅང་སྐྲག་སྟེ
མི་ཚང་མ་གཉིད་དུ་ཡུར་ནས་ངུར་བའི་རོལ་མོ་དཀྲོལ་དུས
གཤོག་པ་བརླན་ཡོད་པའི་ཕྱེ་མ་ལེབ་ཅིག
ང་དང་ཁ་གཏད་དུ་ཡོད་པའི་སྒྲོན་མེ་དེའི་གམ་ན་འདུར་གྱིན
བདག་གི་ཁེར་རྐྱང་ལ་ཟློས་གར་ཅིག་འཁྲབ་པ་ན
ང་ཧ་ཅང་སྐྲག་སྟེ
ནམ་མཁའ་དང་ས་གཞི་ནི་ཉི་མའི་འོད་ཟེར་གྱིས་འཇལ་དགོས་པའི་བར་ཐག་ཅིག
                 ༢༠༡༡  ༦  ༢༠

          ངས་སྙན་ངག་མི་ཕྲིས་དོན།
                                         གེའུ
 ངས་སྙན་ངག་མི་ཕྲིས་དོན་ག་རེ་ཡིན་ནམ
གཅིག་པུར་ཁྱིམ་དུ་བསྡད་ཀྱང
སྙན་ངག་རྐང་གཅིག་མི་ཕྲིས་དོན་ག་རེ་ཡིན་ནམ

ཁ་བའི་ཁྲོད་དུ་ལངས་ཏེ་གཅིན་པ་བཏང་བས
འཆམ་ནད་ཇེ་ཡངས་སུ་འགྲོ་བ་ཤེས་མོད
ད་དུང་མིད་པ་སྐྲངས་པ་འདྲ་ཞིག
མགོ་བོ་ན་བ་འདྲ་ཞིག་འབྱུང་གིན་འདུག

གློག་ཀླད་ངོས་ཀྱི་ཡི་གེ་དག་རེ་རེ་ཡིས་བསུབ་དགོས་བྱུང
ཚོར་བ་མཐའ་དག་ལ་སྤྲིད་སྨན་ལྡུད་བཏང་བ་བཞིན
རབ་རུབ་ཏུ་གྱུར    མག་མོག་གིས་ཞི་སོང

ད་བར་ཆང་ཞིག་འཐུང་ན་ཡང་ཞད་ཅིག་འགྲེ་སྟེ
ཤོབ་མགོ་ཇེ་མཐོ་ཇེ་མཐོ་དང
མིད་པ་ཇེ་འགག་ཇེ་འགག་གི་དུས་སུ
རང་གི་དེ་ཉིད་ངོ་མ་བོ་བསྟན་པས་མི་ཚད
མགོ་བོ་ཡར་ལ་འདེགས་པར་ཡང
རྩལ་ཤུགས་ཡོད་དགུ་འདོན་དགོས་བྱུང་སོང

ཁྱིམ་ལས་ཙག་ཙིག་ལ་ཡོལ་ཆེད
སྲང་ལམ་རེ་རེའི་ལྟེབས་སུ་འཚང
གྲོགས་པོ་ཡིན་མིན་གྱི་མི་དག་ལ
སྐད་ཆ་གང་བྱུང་མང་བྱུང་བཤད་དགོས་བྱུང
སྐད་ཆ་རླུང་གིས་འཁུར་བར་དོགས་ནས
གོ་བརྡ་འདྲ་ཆག་ཆག་ཅིག་སྤྲོད་དགོས་བྱུང

ང་ལ་ཅི་བྱུང་བ་མི་ཤེས་ཏེ
མིན་ན་ནད་ཀྱིས་མནར་བ་འདྲ
ཡང་ན་ནད་དང་བྲལ་བ་འདྲ
སྙན་ངག་རྐང་གཅིག་ཀྱང་མི་ཕྲིས་པར
འཐོམ་སྦྲིད་དུ་ཚོད་ཚོད་ལ་འདུག་དགོས་བྱུང
                               2011    10  27

         སྐབས་ལྔ་བའི་ལང་ཚོའི་རྦབ་ཆུའི་སྙན་ངག་འདུ་ཚོགས་སྒོ་ཀུན་ནས་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་བཅས་རྨ་ཆུའི་སྙན་ངག་པ་གསུམ་གྱིས་བསྐུར་བ་ཡིན།




 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།