གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་འགྲོ་མ།

2011-12-13 09:27:00 ཉི་ཟླ་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

ངས་དྲན་དུས་དང་མི་དྲན་དུས་གཉིས་ཀ་ཁྱེད་དང་ཁ་བྲལ་མེད།
ངའི་སེམས་ལ་རྩ་བ་ཞིག་ཡོད་ཚེ་དེ་ཁྱེད་ཀྱི་སྙིང་ནས་སྐྱེས་པ་ཡིན།
ང་ལྷང་འཇག་གི་སྐར་མ་གྲང་མོ་ཚོ་དང་འདྲ་བར།
བར་སྣང་ནས་ཁྱེད་ཀྱི་རྨི་ལམ་ལ་བལྟ་ན་འདོད།
མཁའ་འགྲོ་མ།
ཁྱེད་ཀྱི་མིང་ནས་བོས་ཀྱང་མ་བོས་ཀྱང།
ཁྱེད་ཀྱི་མིང་དེ་བདག་གི་ངག་ཀློང་དུ་འབྱམས་འདུག
ང་དགུན་དུས་ཀྱི་ཁ་བ་འཚབ་འཚུབ་བཞིན་དུ་ཁྱེད་ལ་སྙན་ངག་གྱེར་ན་འདོད།
མཁའ་འགྲོ་མ།
གསོན་ཡང་ཆོག་ལ་ཤི་ཡང་འགྲིག
ཁྱེད་ཀྱི་བར་སྣང་དེ་ལས་གྱེས་ཐབས་ཡོད་ས་མ་རེད།
མ་གཞི་ཁྱེད་ནི་འཚོ་བཞིན་ནམ་ཤི་ཟིན།
ངས་ཅི་ཡང་ཤེས་ཚོར་མ་བྱུང་།
མེད་ན་ཡོད་པ་འདྲ་བ།  ཡོད་དུས་མེད་པ་འདྲ་བའི་ཁྱེད་ལ། ངས་ཅི་ཞིག་ཟེར་དགོས་མི་ཤེས།
ཞིང་ཁམས་དེ་ན་མེ་ཏོག་གིས་ཁེངས།  ཞིང་ཁམས་དེ་ན་ལོ་ཟླ་མེད།
མཐའ་མེད་པ་ཞིག་ནས་ངེད་གཉིས་གཅིག་ཏུ་འདྲེས་པ་ལྟ་བུ་བྱུང་།
གང་ཡིན་ཡང་ཡིན་དུ་ཆུག  གང་ནོར་ཡང་ནོར་དུ་ཆུག
འདུ་འབྲལ་མེད་པ་འདི་ལ་ཅི་ཟེར།
ཚིག་ལས་འདས་པ་ཞིག་དང་བསམ་གྱིས་མི་ཁྱབ་པ་ལ་བརྩེ་དུང་ཟེར་ན།
དེ་རིང་གཞི་ནས་ཚོར་བྱུང་།
གཏན་ནས་ཡོད་པ་ཞིག་ཤེས་བྱུང་།
མཁའ་འགྲོ་མ།
ཁྱེད་དང་ཁྱེད་ཚོ་བདེ་ནས་བདེ་བར་སྨོན།    སྐྱིད་ནས་སྐྱིད་པར་ཤོག
བརྗོད་བྲལ་གྱི་དགའ་བ་ཟེར་བ་དེ་ངག་ནས་ཐོན་པ་ནི་རྒྱ་མཚོའི་ཐིག་པ་དང་སའི་གོ་ལའི་ས་རྡུལ་ཙམ།
མིག་ཆུ་ཡང་འཇིག་རྟེན་མཐའ་ཡས་ཀྱི་སྐར་མ་ཁ་ཤས་འདྲ། ཡིན་ཡང་བརྡ་ཙམ་གྱིས་དགའ་བ་ཞེས་འབྲི་བ་ནི་ལྟས་ཙམ་དུ་ཡོང་བར་སྨོན།
                    ༢༠༡༡ལོའི་ཟླ་༡༢་པའི་ཚེས་༨ལ། འཇར་པན་དུ་བྲིས།
               

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།