གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྲང་ཁྱི་མཇུག་དཀར་དེ་ཚོ།

2012-02-25 17:40:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


མང་པོ་མང་པོ་ཞིག་ཤ་ཁྱི་ལྟར།
སུའི་ལག་ཟུང་རུ་ཤ་རྡོག་ཡོད་ན།
དེ་ཕྱོགས་སུ་རྒྱུག་བཞིན།
ཁ་གདངས་གདངས་དང་མཇུག་མ་ཧྲིལ་ཧྲིལ་གྱིས་འཚོ་གྱིན་ཡོད།
དེ་ཚོ་ནི་འདོགས་ཁྱི་མ་ཡིན་པའི་སྤྲང་ཁྱི་མཇུག་དཀར་དེ་ཚོ་ཡིན་ངེས།
སྤྲང་ཁྱི་དེ་ཚོ། ཀུ་ཅོ་ཆེ་ལ། རང་གཤིས་མི་བརྟན་པ།
འཕྲལ་འགྲོགས་བདེ་ལ་ཡིད་གཏད་མི་རུང་བ།
ཟས་ལ་རུས་སྐམ་འཆའ་ཀྱིན་རྒྱུ་མཚན་མེད་པར་གཞན་རྗེས་འབྲང་རྒྱུར་དགའ་བ།
དམའ་ལ་སྡང་ཞིང་མཐོ་ལ་ཞུམ་པ།   
མཐོན་པོར་བཏགས་ན་ནམ་མཁའི་སྐར་མར་རྨུག།
དམའ་པོར་བཏགས་ ན་རྐུན་མས་ཟས་ཁམ་གང་རེ་སྟེར་བར་བདག་པོར་སྒོམ་མཁན་ཤ་སྟག་ཡིན།
སྤྲང་ཁྱི་དེ་ཚོ། རྩ་ཐང་གི་འདོགས་ཁྱི་ལྟར། ནོར་སྲུང་གི་ཆོ་ལོ་མེད་ལ།    
བདག་པོར་རྩེ་གཅིག་སྐུར་བའི་རང་གཤིས་དེ་ཡང་མེད།
ཡིན་ན་ཡང་སྤྲང་ཁྱི་དེ་ཚོ། ཀུ་ཅོ་ཆེ་ཞིང་མཇུག་མ་ཧྲིལ་ཧྲིལ་གྱི་ཚུལ་འཆོས་བྱེད་མཁས་པས་
འདོགས་ཁྱིའི་ཆོ་ལོ་མཛུས་མ་འཁུར་ཏེ་སྦྱིན་བདག་ཆེན་པོའི་སྒོ་ཁར་ཡིན་མདོག་གི་སྐྱིད་ཉལ་ལ་རོལ་བཞིན་ཡོད།
འདོགས་ཁྱིའི་རང་གཤིས་ཡེ་ནས་མེད་པའི་སྤྲང་ཁྱི་མཇུག་དཀར། 
ཤ་རྡོག་ཁོ་ན་ལས་བདག་ངོ་མི་ཤེས་མཁན་གྱི་ཁྱི་ངན་ཁྱེད་ཚོ།
ནམ་ཞིག་རང་མལ་ཆུང་ཆུང་ཞིག་ཀྱང་རྙེད་མི་ཐུབ་པར།
སྤྲང་ཁྱི་ཁྲེལ་མེད་འདི་ཚོ་ཞེས་ཀུན་གྱི་རྒྱུག་རྡུང་ཁྲོད་དུ་འཚོ་ངེས། །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།