གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ལ་ཁ་དོག་ཡོད་པས།

2012-02-22 11:47:00 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དེ་རིང་བདག་དང་བདག་གི་དོན་ལྔ་སྣོད་དྲུག་གི་རྩ་ལག་རྡུང་གིན་ཡོད
དེ་རིང་རྩྭ་གསེབ་ན་གྲང་རླུང་གིས་གཏོར་བའི་ཁ་བའི་འདབ་མ་རེ་རེ་ལ
ངས་ཤ་མཆིན་རུས་གསུམ་གྱི་སྙིང་གཏམ་གླེང་གིན་ཡོད
 
ནམ་མཁའི་རྒྱུ་སྐར་གྲངས་མེད་ཀྱི་ཁྲ་འདར་བར་ནས
བཞུད་ཟིན་པའི་ལོ་ཟླའི་གམ་ཚིག་འདི་དག
ལྷང་འཇགས་ཁོ་ན་རུམ་འདོད་པའི་ཁེར་ཧྲང་གི་སེམས་པས་འཚོས་ཤིང
མེ་ཏོག་དང་རྨི་ལམ་ཁོ་ནའི་བདེན་ལུགས་སྙེག་གིན
རང་བྱུང་གི་སྙིང་ཁར་འཕྱོ་བའི་ཆོས་ཉིད་ཀྱི་རི་མོ་དེ་ང་རང་ཡིན་ཨང
 
ལམ་བུ་རེ་རེ་ལ་ཡིད་གདུང་ག་ཚོད་བྱས་ཟིན་པ
བདག་གིས་ཐོག་མ་ནས་དང་བླངས་བྱས་པའི་སེམས་ཀྱི་མཆོད་ཆང་ཡིན་པས
ཟླ་བཅུ་བའི་གྲང་ལྷགས་ཀྱི་བཟི་གཏམ་བར་ནས
ངས་སུ་ལའང་ཕྲག་དོག་དང་སྒེར་གཅོད་ཀྱི་མིག་ཟུང་བགྲད་མ་མྱོང
 
དུས་ཚོད་ཀྱི་འཁྲེལ་དགོད་དང་འབྱུང་འགྱུར་གྱི་སྔངས་སྐྲག་ཁྲོད
བདག་གིས་ཨ་མ་ཞེས་བོས་མྱོང་བའི་རྩྭ་ཐང་གི་བརྩེ་བ་རེ་རེ
སུ་ཞིག་གི་མིག་མདུན་ནས་མངོན་སུམ་དུ་བོར་བའི
རི་ཚོགས་ཀྱི་སྦུབས་སུ་འཚང་བའི་གཟུགས་མེད་ཀྱི་གནའ་རྫས་ལྷག་མ་དག་རེད
 
རྡོ་བའི་སྨྲ་བརྗོད་ལ་བདེན་ལུགས་ཀྱི་གསེར་རྩི་ཆགས་དུས
སྦྲ་ནག་གིས་གཉིད་ཅོར་རྒྱག་པའི་ལོ་རྒྱུས་ཀྱི་གསང་གནས་ཡིན་ལ
དེ་དུས  གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་མཚུངས་པའི
བརྣང་ཟིན་པའི་བདག་གི་མགྲིན་ལམ་ནས
སུ་ལའང་ཡོད་ཆོག་ཆོག་གི་རང་དབང་གི་ཐ་ཚིག་དེ་སྒྲོག་དགོས་ཨང
 
                                                                ཉི་མ་ལུང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།