གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁེར་རྐྱང་གི་མཚན་གཞས།

2012-02-12 20:37:00 མགར་ཚང་དར་རྒྱས། ཀློག་གྲངས། མཆན ཡོད།


སྣང་བ་ཁེར་རྐྱང་གི་མཚན་མོའི་ལྗོངས་སུ།།
རྨི་ལམ་ཟ་ཟི་ཡི་རོལ་བར་འཐིམས་དུས།།
སྡེ་ཆེན་རྩེ་ར་ཡི་ལ་སྐད་ཅིག་གིས།།
འཁོར་བའི་ནང་རྫོང་གི་རོ་མངར་ཚོར་བྱུང་།།
 
སྡེ་ཆེན་རྩེད་ར་ཡི་ཚོམས་སུ་སྤུངས་བ།།
ལང་ཚོའི་དབྱར་གཞུང་གི་ན་མཉམ་འདི་ཚོས།།
འཇིག་རྟེན་སྣང་བ་ཡི་ལ་གཞས་ལེན་ས།།
མཚན་སྨག་ཀླད་འཁོར་གྱི་དུས་ཚིགས་འདི་ཡིན།།
 
ཕྱི་མའི་ལམ་ཁ་ཡི་བདེ་བ་འཚོལ་ན།།
གཡོ་མེད་ཏིང་འཛིན་གྱི་གཟུང་ཐག་ཡོད་དགོས།།
ཅང་མེད་ཁེར་རྐྱང་གིས་ཆོས་ལམ་སྙེགས་ན།།
རང་མགོ་རང་ཐོན་ཞིག་ཡོང་བ་དཀའོ།།
 
དབེན་པའི་འབྲོག་དགོན་ན་འདུ་འཛི་མེད་ཀྱང་།།
རང་གི་སེམས་ནང་ན་འཁོར་བ་ཡོད་པས།།
ལུས་པོ་ཐག་རིང་གི་རི་ལ་བསྐྱལ་ཡང་།།
སེམས་པ་འདིར་སྣང་གི་འཁོར་བས་བཟི་སོང་།།
 
འཇིག་རྟེན་སྒྱུ་མ་ཡི་རོལ་བར་དཔེ་བླངས།།
ལང་ཚོ་འཇའ་ཚོན་གྱི་གཟུགས་སུ་བལྟས་ན།།
གོས་མེད་གཅེར་རྗེན་གྱི་མི་ལ་རས་པའི།།
མི་ཚེ་དོན་མེད་དུ་ཚར་བ་ཨེ་ཡིན།།
 
ཕོ་མོ་དགའ་འགུ་ཡི་དཔལ་གྱིས་འཚོ་ཞིང་།།
བུ་ཕྲུག་འཁོར་བ་ཡི་སྙིང་བོར་བསམ་ཞོར།།
ད་དུང་ལོངས་སྤྱོད་ཀྱི་རོལ་བའི་གསེབ་ནས།།
སུ་ཡིས་འཁོར་བ་ཡི་སྡུག་བསྔལ་ཚོར་ཡོང་།།
 
སྟོང་བ་བདག་མེད་ཀྱི་ཐ་སྙད་ཚོན་པོ།།
ཆོས་བ་ཡིན་མིན་གྱིས་ཁ་ཁྱེར་བྱེད་དུས།།
བག་མེད་བདེ་སྟོང་གི་སྦྱོར་བ་འདི་ཡང་།།
ཞེན་ལོག་ཐེངས་གཅིག་གིས་ཆོད་ས་མ་ཡིན།།
 
སྒོ་ཁྱིའི་རྨི་ལམ་དེ་གཞས་ཀྱིས་དཀྲོག་ཤིང་།།
བྱམས་པའི་མལ་ས་ཡང་འདོད་པས་དྲོས་ན།།
འཁོར་བ་སྡུག་བསྔལ་གྱི་ཁབ་རྩེ་དེ་རུ།།
བདེ་བའི་མལ་ས་ཞིག་བཅས་ནས་མེད་དམ།།
 
མི་ངོའི་རྫུ་བག་གི་བ་སྤུའི་གསེབ་ནས།།
སེམས་ཀྱི་ཞེན་ས་དག་གཟེངས་སུ་སྐྱེས་ཀྱང་།།
ད་དུང་ཨུ་ཚུགས་ཀྱིས་བགྲོད་པ་འདི་ཚོར།།
ཆོས་པ་རྣམ་དག་གི་ཆོ་ལོ་ཐོབ་བམ།།
 
ཕྱི་དབུལ་ནང་དབུལ་གྱི་གྲྭ་ཤག་འདི་ཉིད།།
མི་ཚེ་སྐྱོ་གྲོགས་ཀྱི་རོགས་དན་བྱས་ནས།
ཆུང་འདྲིས་བྱམས་པ་ཡི་བརྩེ་བའི་གདན་སར།།
མ་མཇལ་ལོ་ཟླ་ཞིག་སོང་བས་ནོངས་པ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།