གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གི་སྙན་ངག་གསར་བ་ཁག་གཉིས།

2012-02-12 20:30:00 ལྷམ་ཀོག ཀློག་གྲངས། མཆན ཡོད།

     ལག་པ་ལ་སེན་མོ་མེད་རྐྱེན།
རྟ་ཕོ་ཞིག་གི་འཕོངས་ཤའི་སྟེང་ན་ཡང
བ་སྤུ་འཛོར་བོ་ཞེ་དྲག་སྐྱེས་ཤིང
བ་སྤུའི་གསེབ་ན་སྦྲང་བུ་རེ་འགའ་ཡང་ཐོགས་ནས་འདུག་མོད
ལོ་འདི་འགར
ངའི་ཤེད་ཤུགས་རྩ་བ་ནས་ཆད་ཡོད་པའི་ཁར
མཛུབ་མོ་ལྔའི་སེན་མོ་ལ་ཡང་རྣོ་དབལ་ཉག་ཙམ་མི་འདུག་པས
སྟོབས་དང་ནུས་པ་ཞིག་ཕུད་ག་ལ་ནུས
 
ཞོགས་པ་སྔ་བོ་དག་ལ
ལྗིད་ཏིག་ཏིག་གིས་མགོ་བོ་དགྱེ་ཙམ་བྱས་ཏེ
ནོར་ལྷས་དང་ནོར་གྱི་འདོགས་ཐག
ཁྱི་གུ་དང་ཁྱི་གུའི་མལ་ས་དག་ལ་བལྟས་ཏེ
ཁ་དོག་ནག་པོ་ཡིན་པའི་དབུགས་རིང་སེམས་འགུ་བ་རེ་འཐེན་ནས
བསྐྱར་དུ་རང་གི་སེན་མོ་དང་མཛུབ་མོ་དག་བསམས་ཚེ
བློ་སྤོབས་ཤིག་ཡེ་ནས་བྲལ་ཅིང
ཡ་གར་དཔྱངས་པའི་ཁ་སྤུ་འདི་ཀོ་ཡང
ག་དུས་ཤིག་ལ་བདག་མེད་དུ་གྱུར་འགྲོ་བར་གཞིགས་ན
སྒེའུ་ཁུང་ལས་ཀྱང་སེན་མོ་མེད་པའི་ནམ་མཁའ་ཞིག་དྲལ་བར་ཤེས་འོང
 
 
        སྐྱོ།  སྐྱོ།
རས་ཁ་གང་གི་སྟེང་དུ་བྲིས་པའི་གྲོང་ཁྱེར་ཞིག་ཏུ
ཁྱེད་ཀྱི་ཆིབས་པ་དེ་གསེར་གྱིས་ཤན་ཡོད་དམ
ཡང་ན་འོ་ཞོ་འབེལ་བོར་འཇོ་ཆོག་པའི་འདོད་འཇོའི་བ་མོ་དེ་ཡོད་དམ
 
སྔས་གོང་དུ་སྐྱེས་པའི་ལྗོན་པ་སྔོ་ཤིག་གེར་ཡོམ་པའི་འོག་ཏུ
སུ་ཞིག་གིས་དབུགས་སྒྲ་ངར་ངར་རོ་དེ་འབྱིན་གྱིན
མཐའ་མའི་གྱེས་ཕྱག་དེར་བསྒུར་དུས
མལ་ཁྲིའི་གཡས་ཕྱོགས་སུ་བཀལ་བའི་སྒྲོལ་མའི་འདྲ་རིས་དེ་དང་
འཆི་བ་ལ་ཉེ་བར་ཕྱོགས་པའི་མར་མེ་གསལ་སིང་ངེ་བ་དེས
མིག་ཆུ་ཨིན་ཙམ་གཏོང་སྐབས
ཁྱེད་ཀྱི་བར་སྣང་ལ་འཕུར་བའི་རླུང་བུ་དེ་དང
གམ་དུ་གླན་ཏེ་ཡོད་པའི་འོད་ཟེར་དེ་ནི་འཁྲུལ་བ་རེད
འཁྲུལ་བ་དེ་ག་དུས་ཤིག་ལ་ཞིག་ན
ཁྱེད་ནི་བར་སྣང་ལ་འགྱུ་བའི་སྤྲིན་པ་དཀར་པོ་དེའོ
 
 
རོང་བོ་དགེ་འདུན་ལྷུན་གྲུབ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།