གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལན་གྲུའི་ནམ་མཁའ།༼ཞར་བཀོད་གཅིག་ཡོད༽

2012-02-04 06:17:00 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།


སྤྲིན་པ་ལྟ་བུའི་སེམས་པ  
སེམས་པ་ལྟ་བུའི་སྤྲིན་པའི་ཁ་དོག
ཁ་དོག་རེ་རེའི་ནང་གི་སྙན་ངག་ཐན་ཐུན 
སུ་ཞིག་གི་ན་ཟུག་དང་གདུང་བ་ལྟ་བུའི
ལན་གྲུའི་ནམ་མཁའ་དང་སྤྲིན་པ་ནག་པོ
 
ཆུ་མིག་ལྔ་ལྡན་གྱི་འདབ་རོལ་དུ 
མེ་ཏོག་ག་ཚོད་བཞད་མྱོང་ཡོད་དམ
ཁ་དོག་མི་འདྲ་བའི་མེ་ཏོག་དེ་དག
ནམ་ཞིག་འདབ་མ་འཐོར་བའི་ཡལ་ག་ཞིག་གི་འགྱུར་སྲིད་དམ
 
དེ་རིང་ང་ལན་གྲུ་ན་ཡོད
སྲང་ལམ་གང་རུང་གི་བར་ན་ཁེར་རྐྱང་དུ་ཡོད
རྩྭ་ཐང་ནས་བཞུར་འོང་བའི་རྩྭ་ཐང་གི་ཆུ་བོའི་འགྲམ་ན་ཡོད
སྙིགས་མས་གང་བའི་ཆུ་བོ་འདི་ངའི་མ་ཡུམ་གྱི་མིག་ཆུ་ཡིན་ནམ
སྤྲིན་པས་གབ་པའི་ནམ་མཁའ་འདི་ངའི་བདག་པོའི་མངའ་ཐང་ཡིན་ནམ
           ༢༠༡༢ལོའི་ཟླ༡ཚེས༡༥ཉིན་ལན་གྲུ་རུ་གྲུབ།
 

        ཕ་ཡུལ་མདོ་ལྷོ་ན་ཁ་བ་བབས་ཀྱིན་འདུག
 གཙོད་རྭ་ཆག་པོ་ཞིག་གི་རྭ་བར་ན་ལུས་པའི་རྨི་ལམ
རྨི་ལམ་སྤྲིན་པ་ལ་འདྲེས་པའི་མདོ་ལྷོའི་ནམ་མཁའ་རྙིང་པ
ཁ་བ་ལྷབ་ལྷུབ་ཅིག་གིས་མནན་འདུག     ཉི་མ་ནད་པ་ཞིག་གིས་རུམ་འདུག
 
གནའ་སྔ་མོ་སྔོ་མོ་ཞིག་ཏུ་འདི་ན་གཙོད་ཁྱུ་མང་པོ་ཡོད་ཟེར་སྐད
གནའ་མི་ཚོས་གསུང་ན་འདི་ནི་རི་ཆུ་ནག་གསུམ་གྱི་རྣམ་ཤེས་ཡིན་ཟེར་སྐད
རྡོ་ལས་གྲུབ་པའི་འདྲ་གཟུགས་འདིས་གནའ་བོའི་གཙོད་ཁྱུ་དག་དྲན་གྱིན་ཡོད་པ་འདྲ
ཁ་བ་ལྷབ་ལྷུབ་འདིའི་ནང་དུ་ངའི་གཙོད་ཁྱུའི་རྨིག་རྗེས་ཡོད་དམ
 
གནས་འདི་རུ་མིག་ཆུ་རུམ་བྱེད་ཀྱི་རྒྱ་མཚོ་དེ་ཆེན་པོ་མི་འདུག
གནས་འདི་རུ་ན་ཟུག་འགོག་བྱེད་ཀྱི་རི་བོ་དེ་མཐོན་པོ་མི་འདུག
དད་པ་བྱེད་མི་འདོད་པའི་རླངས་འཁོར་གྱི་འདུར་རྒྱུགས་ཁྲོད་དུ
ངའི་གཙོད་ཁྱུའི་རྨིག་རྗེས་རབ་རུབ་ནས་རབ་རུབ་ཏུ་འགྱུར་གྱིན་འདུག་ཨང
 
གཙོད་རྭ་ཆག་པོ་ཞིག་གི་རྭ་བར་ན་ལུས་པའི་རྨི་ལམ
རྨི་ལམ་སྤྲིན་པ་ལ་འདྲེས་པའི་མདོ་ལྷོའི་ནམ་མཁའ་རྙིང་པ
ཁ་བ་ལྷབ་ལྷུབ་ཅིག་གིས་མནན་འདུག     ཉི་མ་ནད་པ་ཞིག་གིས་རུམ་འདུག
                 ༢༠༡༢ལོའི་ཟླ༡པོའི་ཚེས༡༧ཉིན་ཕ་ཡུལ་མདོ་ལྷོ་རུ་གྲུབ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།