གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མང་རྫོང་གི་རབ་བྱེད།

2012-01-23 19:28:00 འབྲོང་ཕྲུག ཀློག་གྲངས། མཆན ཡོད།


མང་རྫོང་ནི་ངའི་ཕ་རྒན་གྱི་ལུག་ར་ལས་ཆུང་ངོ
ད་ནི  ལ་ཐོར་ལུང་ཐོར་གྱི་ར་ལུག་དག
ངས་འུར་ལྕག་གཡུག་ཐེངས་གཅིག་གིས
ཕྱིར་བསྡུ་ཐབས་མི་འདུག ནམ་ཡང་བསྡུ་ཐབས་མི་འདུག
 
མང་རྫོང་ནི་ངའི་མ་རྒན་གྱི་ལག་མཐིལ་ན
སེར་ཀས་རྣག་པའི་ན་ཟུག་རབ་དང་རིམ་པ་དེ་དག་གོ
ན་ཟུག་དེ་དག་ངའི་ཤ་གསེང་དུ་འཛུལ་ནས
ངའི་རུས་རྐང་དུ་འཐིམ་ཀྱང  ང་ལ་ཚོར་བ་མི་འདུག
 
མང་རྫོང་ནི་སྦྲ་ནག་གི་ཆོན་ཐག་ཆད་ནས
མགོ་སྐོར་གྱི་རྒྱུན་ལུང་ཆད་ནས
ཕྲེང་བ་བརྒྱ་དང་བརྒྱད་ཀྱི་ཕྲེང་ཐག་ཆད་ནས
སེམས་ཀྱི་རྒྱང་ཐག་ཀྱང་ཆད་པའི་དུས་ཚིགས་དེའོ
 
མང་རྫོང་ནི་གནམ་གཤིས་ངན་ངོན་གྱི་ནམ་ཟླ་མག་མོག་ཅིག་གོ
མང་རྫོང་གི་ནམ་མཁའི་གཡའ་དག་མི་འདུག
མང་རྫོང་གི་ས་གཞིའི་རྡུལ་དག་མི་འདུག
མང་རྫོང་གི་ཁ་བ་སེམས་ལ་འབབ  ཁ་བ་ཧ་ཅང་མཐུག
 
མང་རྫོང་ནི་མཚོ་སྔོན་པོ་ཟིན་བྲིས་སུ
ལེགས་འདེམ་དཀའ་བའི་སྙན་ཚིག་རྐང་གཅིག་ལྟར
སུས་ཀྱང་ཤེས་མེད་ཚོར་མེད་ངང
མུན་ནག་གི་གྲུ་ག་གང་རུང་ཞིག་ཏུ་ལུས་འདུག་གོ
 
མང་རྫོང་ནི་ངའི་བུ་ཆུང་གི་མིག་ཆུ་ལས
ཤག་ཤག་འབབ་མི་སྲིད་པའི་ཆུ་ཐིགས་ཤིག་གོ
ཆུ་ཐིགས་དེས་རྒས་གྱོང་གི་ས་ཆེན་བརླན་ནས
ང་ལ་ལྗང་མདོག་གི་རྨི་ལམ་ཡུག་ཅིག་བསྐྲུན་སྲིད་དམ
 
མང་རྫོང་ནི་མིག་ཆུ་མེད་པའི་གཙང་བོ་ཞིག་རེད
གཙང་ངོགས་ཀྱི་དཔའ་བོ་བརྒྱ་དང་བརྒྱད
ད་དུང་ཆུ་ངོགས་གཏམ་རྒྱུད་དུ་ལུས་འདུག
གཏམ་རྒྱུད་དང་བཅས་པ་རྒས་ཟིན
 
མང་རྫོང་ནི་སྙན་ངག་པ་ཞིག་རྒས་ས་དེའོ
རྒས་ཟིན་པའི་སྙན་ངག་པས
ང་ཡི་མང་རྫོང་ཞེས་ལག་པས་བྲང་ཁོག་ཕྱེ་སྲིད་དམ
མཛུབ་མོས་སྐྲ་ལོ་འབལ་སྲིད་དམ
སྙིམ་པས་མིག་ཆུ་བསོགས་སྲིད་དམ
                            ༢༠༡༡ལོའི་ཟླ༡༡པའི་ཚེས༡༩ཉིན་ཟི་ལིང་བོད་སྨན་ཁང་དུ།
 

རྩོམ་ཁུངས། འབྲོང་ཕྲུག་གི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།