གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་དེའི་མིང་མི་བཤད།

2012-01-22 18:02:00 གེའུ། ཀློག་གྲངས། མཆན ཡོད།

གནམ་དང་རྒྱ་མཚོ་འདྲེས་པའི་མཚམས་སུ

སྤྲིན་དང་རླངས་པ་འདྲེས་པའི་མཚམས་སུ

གཡོར་གྲུ་ཆུང་ཆུང་ཞིག་སྟོབས་དང་ཤུགས་ཀྱིས་ཁྱོད་ཀྱི་ཕྱོགས་སུ་བསྐྱོད

དལ་རྒྱུ་མེད་ལ་བྲེལ་རྒྱུ་མེད་པར་ཁྱོད་ཀྱི་ཕྱོགས་སུ་བསྐྱོད
 
རྒྱ་སེ་མེ་ཏོག་གི་མིང་ཡང་གོ་མྱོང་མེད་པའི་ཁྱོད་ལ

གཟི་ཡག་མཛོ་མོ་དགུ་རིན་ཞིག

མཛུབ་དཀྲིས་གཡུ་ཡི་ཁྲ་ཅན་ཞིག

བསྐུར་ས་མེད་ཀྱང་ལག་ཏུ་ཉར་ནས་བསྡད་ཚེ

སེམས་དགའ་ནས་ལ་གཞས་ལེན་ངེས་ཡི
ན
ང་དྲན་ནས་མཆི་མ་གཏོང་ངེས་ཡིན
 
རྩྭ་ལྗང་གི་ཁུད་དུ་འབའ་འབུ་བགྲོད་པའི་དབྱར་གཞུང་དུ

འབྲུག་གྲག་རྒྱུ་མེད་པའི་ཆར་བ་ཆུ་ལྟར་བྱེར་ནས

ཁྱོད་ཀྱི་མ་དྲིན་ཅན་མའི་རྨི་ལམ་བརླན

ཁྱོད་དང་ང་ཡི་དུངས་པའི་སྙིང་གཏམ་བརླན
 
སྦྲའི་ཆོན་ཐག་ནི་རས་སྐུད་ཅིག་ཡིན་ན
ཆོན་ཐག་སྣེ་ཡི་ཕུར་བ་ནི་རྩྭ་རྐང་ཞིག་ཡིན་ནམ

མཚན་མོ་དེ་ནི་ང་ལ་ལམ་འགྲོ་མེད་པའི་དུས་ཤིག་ཡིན་ནམ

ཁྱོད་ནི་འཇའ་ཞིག་ཡིན      འཛིན་དུ་ཡོད་པའི་འཇའ་ཞིག་ཡིན

མཛེས་སྡུག་གོས་སུ་བསྒོ་ཆོག་པའི་འཇའ་ཚོན་སྣ་ལྔ་ཡིན
 
བུ་མོ་དེའི་མིང་ཡིག་ང་ཡི་སེམས་སུ་བརྐོས་ཡོད

སེམས་ཀྱི་གཏིང་དུ་བརྐོས་ཡོད

དེ་ནི་སུ་ལ་ཡང་བཤད་མི་ཆོག་པའི་གསང་བ་ཡིན

ཁྱོད་ངའི་སྐེ་ལ་འཐམ་ནས་འོ་ཁ་ཅི་བྱས་སྦྱར་ཀྱང

ཁྱོད་ངའི་བྲང་འོག་ཏུ་འཛུལ་ནས་འོག་འདེགས་ཅི་བྱས་བརྒྱབ་ཀྱང
བཙན་དང་ཁྲིམས་ཀྱིས་ངའི་སྒོང་རུལ་གཉིས་བཏོག་དགོས་ཟེར་ཀྱང
 
བུ་མོ་དེས་མི་ཚོགས་ཀྱི་གསེང་ནས་ང་མཐོང་ཐེངས་རེར

སྤང་ལྗོངས་ནེམ་པོ་དང་ཁྱི་སྐད་འཛེར་པོ་ཞིག་དྲན་ངེས

ལ་གཞས་སྙན་པོ་དང་བག་ཕེབས་པའི་དགོང་ཀ་ཞིག་དྲན་ངེས

དེ་ལས་ཀྱང་དགོང་མོ་དེའི་འཐམ་འཁྱུད་དྲན་ངེས

ལུས་ལ་འཚམ་པའི་གོས་ལྭའི་སྲུབ་ཀ་དྲད་ཡོད་མེད་དྲན་ངེས
 
དེ་དང་མཚུངས་པར      ངས་ཁྱོད་ལྷག་ཏུ་དྲན་བྱུང

ཚེ་གྲོགས་མིན་པས་སྐྱོ་བྱུང
                                  2010  06  10
 

རྩོམ་ཁུངས། སེང་རྡོར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།