གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་གཞུང་གི་རླུང་བུ། འདི་ལྟར་གྲང་ཅང་ཅང་།

2012-01-16 12:16:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


དགུན་གཞུང་གི་རླུང་བུ། དཔོན་ངན་གྱི་ཁ་ངོ་བཞིན།
གྲང་ཅང་ཅང་དུ་མཐོན་པོ་ནས་དམའ་ས་རུ་ལྡང་འོང༌།
དྲོད་ཁོལ་མེད་པའི་ལྷག་རླུང་འདིས།
གསོན་འདོད་ཀྱི་འདབ་ལོ་མང་པོའི།
ཆེས་མཐའ་མའི་ཆུ་ཐག་བཅད་དེ།
སྐྱ་ཕྱེད་སྔོ་ཕྱེད་དུ་བཏང་ཞིང༌།
གསོན་དུ་རེ་བའི་ཚེ་སྲོག་ཆུང་ངུ༌།
ཆ་གཏོར་ཡ་གཏོར་དུ་བཏང༌།
དགུན་གཞུང་གི་རླུང་བུ། གཤིས་ངན་གྱི་ལྐོག་ལབ་བཞིན།
གྲང་ཅང་ཅང་དུ་ཆུང་ངུ་ནས་ཆེ་བར་ལྡང་འོང༌།
བདེ་དྲོད་མེད་པའི་ལྷག་རླུང་འདིས།
སྲང་ལམ་གྱི་འཛུམ་མདངས་དང་དགོད་སྒྲ་ཡོད་ཚད་འཁྱགས་ཀྱིས་བསྡམས་པའི་ཆུ་ཕྲན་བཞིན་སྔ་ས་ནས་དགུན་ཁའི་ས་སྲུབ་ཏུ་འཐིམས་ཟིན།
དགུན་གཞུང་གི་རླུང་བུ།  སྨད་ཚོང་མའི་འཚོ་ཐབས་བཞིན།
གྲང་ཅང་ཅང་དུ་དགོང་ཁའི་མཚམས་སྤྲིན་དང་མཉམ་དུ་ལྡང་འོང༌།
ཁ་ཕྱོགས་དང་བདེ་དྲོད་མེད་པའི་ལྷག་རླུང་འདིས།
བདེ་ཐང་གི་ཁྱིམ་སྒོ་མང་པོར་རྡུལ་འཚུབ་ཀྱི་ནད་གཡའ་མཐུག་པོ་སྐྱེལ་དང་སྐྱེལ་མུས་སུ་ཡོད།
དགུན་གཞུང་གི་རླུང་བུ། གཅེས་ལངས་ཤོར་བའི་སྐྱག་ཕྲུག་གི་སྤྱོད་པ་བཞིན།
གྲང་ཅང་ཅང་དུ་ཨ་མའི་སེམས་སྦུག་ཏུ་ལྡང་འོང༌།
ཁ་ཕྱོགས་དབེན་པའི་ལྷག་རླུང་འདིས།
གནམ་འོག་གི་ཕ་མའི་ངོ་གདོང་ལ་ཐལ་རྡུལ་གྱིས་གཡོགས་ཤིང་སྔ་ན་མེད་པའི་རྒས་ཉམས་ཤིག་ཀྱང་མངོན་དུ་བཅུག
དགུན་གཞུང་གི་རླུང་བུ། རྗེས་རབས་སྐྱག་ཟན་ཚོའི་བྱ་སྤྱོད་བཞིན།
གྲང་ཅང་ཅང་དུ་གཏད་སོ་ཅི་ཡང་མེད་པར་ཤུར་ཤུར་དུ་ལྡང་འོང༌།
གཡོ་ཕྱོགས་མེད་པའི་ཐལ་རྡུལ་གྱི་སྣ་འདྲེན་འདིས།
ལྷད་མེད་དུ་འཚོ་བའི་མི་རིགས་ཤིག་གི
ཁམས་གཤིས་དྭངས་བའི་ངོ་གདོང་ལ་ཐལ་རྡུལ་གྱིས་འབག་ཏེ་ཉོག་པོར་བཏང༌།
ཀྱེ་ཀྱེ་དགུན་གཞུང་གི་རླུང་བུ། ཨ་ཆུ་ཆུ།
ཁྱེད་ལ་དྲོད་ཁོལ་དང་ཁ་ཕྱོགས་ཡེ་ནས་མེད་པར་འདི་ལྟར་གྲང་ཅང་ཅང་དུ་ལྡང་དགོས་དོན་ཅི།
     ༢༠༠༩ལོའི་ཟླ་ཚེས་བཟང་པོར་ཕུལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།