གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་བུ།

2012-04-20 22:14:00 གཙང་ཕྲུག་སྟོབས་རྒྱལ། ཀློག་གྲངས། མཆན ཡོད།


སྔོན་བསགས་རྒྱུ་རྐྱེན་གྱི་འདུས་པའི་ལས་སྨོན་དེའི་མཐའ་གྲུ་ནས།
ལས་དབང་གི་མདའ་མོ་འཕེན་ཐེངས་གཅིག་ལ།
ཉམ་ཆུང་གི་སེམས་པའི་འབེན་ངོགས་ལ་བབས་པས།
གདམ་གའི་དབང་ཤུགས་ཕྲ་བའི་ལས་དབང་གི་ལམ་བུ་དེར།
མི་བཞུད་རྒྱུ་རྐྱེན་འཚོལ་བའི་བསྐལ་བ་མ་མཆིས་ནས།
སྐྱོ་སེམས་ཀྱི་མིག་ཆུ་བཞུར་ཤིང་རྒྱུ་ནས་འོངས།
མ་གཞི་ལམ་བུ་དེ་ཁོ་བོའི་གདམ་བྱའི་ཡུལ་དེ་མིན་ཡང་།
ལས་དབང་གི་བཙན་ཤུགས་ལ་སུ་ཡིས་ཟློག་ཐུབ་ལ།
མི་འདོད་འཁང་རའི་དམོད་མོ་སྡེབས་དབང་ཅི་ལ་ཡོད།
འུ་རང་ནི་ལས་དབང་གི་ལམ་བུ་དང་དུ་བླངས་སྟེ།
སྟོང་གསུམ་གྱི་ཕ་ཡུལ་རྒྱང་རིང་ས་མཐར་བསྐྱུར་ནས།
གོམ་པའི་རྟ་ཕོའི་ཁ་ལོ་ལེ་དབར་གྱི་ས་མཐར་བསྒྱུར་ཅིང་།
ལས་དབང་གི་བཀག་རྒྱ་ལས་གྲོལ་བའི་ཐབས་ལ་བསམ་སྟེ།
རིག་གཞུང་གི་རྒྱ་མཚོ་ཆེན་པོའི་གཏིང་རུམ་དུ།
རྣམ་དཀར་་གྱི་གསེར་ཉར་འཁྱུག་རྩལ་འཁོ་ལག་རྒྱས་ན་སྙམ།
ལམ་བུ་ནི་ནམ་ཡང་བཞུད་མི་ཚར་བའི་ལམ་བུ་ཞིག་ཡིན་པས།
བཀག་རྒྱ་དང་བཟོད་དཀའ་བའི་སྐྱོན་ནོར་དུ་མ་མཆིས་ཅིང་།
འཁང་ར་དང་སྡུག་ཡུས་ཀྱི་ཁོང་ཁྲོའི་སྨྲ་དབང་དེ་བས་མེད་ལ།
ནམ་ཡིན་རུང་བསམ་པའི་ཀློང་དུ་ཡོད་པ་ནི་རྩ་བ་མི་སྲིད།
བཞུད་ཟིན་པའི་ལམ་བུར་ངལ་བའི་སྐྱུར་ཆུ་ཧུབ་ཀྱིས་འཐུང་བཞིན།
དགའ་སྐྱོ་གདུང་རྣམས་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ནས།
མ་འོངས་པའི་གྲུ་ཆུང་བརྟན་བརླིང་མེད་པའི་རྒྱ་མཚོའི་ངོས་སུ།
རེ་སྨོན་གང་གི་ཞུ་དབང་གི་ཐབས་ཟད་ནས།
རྒྱང་རིང་གི་ཕ་མཐར་དུང་ཞེན་གྱི་འཇུག་ནས་གདའ།
 གང་ལྟར།
ཉག་ཕྲ་བའི་ཚེ་སྲོག་དེ་ས་ལ་འཕོས་པའི་ཉིན་དེ་ནས།
ངའི་ལས་དབང་གི་ཁ་ལོ་ཀྱག་ཀྱོག་ལམ་བུའི་ངོས་ལ།
ཕམ་རྒྱ་དང་གྲུབ་འབྲས་གི་མཉམ་འགྲོས་དབྱངས་རྟ་གྱེར་ཅིང་་།
མདུན་བསྐྱོད་ཀྱི་ལམ་གསར་འབྱེད་པའི་སླད་དུ།
རྒྱུ་བཞིན་པའི་ལམ་བུར་ཡིད་ཆེས་ཀྱི་སྙན་ངག་འབྲི་བཞིན།
སྤྲོ་སེམས་ཀྱི་ཡར་རྒྱས་འཕར་རྩར་ལྕགས་ཀྱི་བསྐུལ་ནས།
མ་འོངས་ཀྱི་འོ་མཚོོར་བརྩེ་དུང་ཞིག་གིས་དམ་དུ་བཅིངས་སྟེ།
མདུན་བསྐྱོད་ཀྱི་གོམ་པ་ཤུགས་ཀྱིས་སྤོ་བཞིན།
རང་ལ་དབང་བའི་ལས་དབང་འཚོལ་བརྙེད་བྱེད་ཆེད།
སྨྱུག་རྩེ་ནས་འཕྱུར་བའི་སྙན་ངག་འབྲི་བར་སྤོབས་ལ་།
ཡན་ལག་མ་དུད་བར་དུ་སྙན་ངག་ལ་དེ་བས་གཅེས་འོདད།།
    གཞི་ཀ་རྩེ་རིན་སྤུངས་ སྟོབས་རྒྱས་ཞན་ཡང་གྲོང་ཁྱེར་ནས་༢༠༡༠ལོའི་ཟླ་བ་༥པར་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།