གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་རི། གངས་རི་ཡོད་ཚད་བཞུར་ན།

2012-04-10 10:12:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


གངས་རི། གངས་རི་ཡོད་ཚད་བཞུར་ན།
ཆུ་འགོ་གངས་ལ་གཏུགས་དགོས་པས།
ཆུ་རྒྱུན་འདི་མྱུར་དུ་སྐེམ་ངེས་ཤིང༌།
ཆུ་རྒྱུན་འདི་སྐེམ་ན།
མཐོ་གངས་རིའི་གཤམ་འདབས་སུ་འཚོ་བའི་ཚེ་སྲོག་ནས།
དམའ་རྒྱ་མཚོའི་གཏིང་དུ་འཚོ་བའི་ཚེ་སྲོག་ཐམས་ཅད།
མཐར་སྐོམ་གདུང་གིས་མནར་ནས་འཆི་ངེས།
ཉོན་དང༌།
རྒན་པོའི་ངག་རྒྱུན་དུ་གླེང་བའི་སྔོན་མའི་གངས་རི་དེ་དག།
ད་ལྟ།
མཐིང་མདོག་གི་བྲག་རི་འགའ་ལས་སྣང་རྒྱུ་མེད།
ལྟོས་དང༌།
སྔོན་མ་བཞུར་མ་མྱོང་བའི་གངས་རི་ཡ་གི།
ད་ལྟ།
ཚ་གདུང་གིས་མ་བཟོད་པར་དཀར་གཙང་ནམ་བཟའ༌།
སྐེད་སྨད་ནས་རིམ་བཞིན་ཕུད་ཀྱིན་ཡོད།
ཨ་ཙི། དེ་དག་ངས་རྩ་བ་ནས་ཉན་མི་བཟོད་ལ། ལྟ་ཡང་མི་ཕོད།
ཉན་ན།
སྙིང་ཁོང་རུས་གཏིང་ནས་གཙག་ཤད་རེ་རྒྱབ་འོང་ལ།
བལྟས་ན།
སྙིང་ཁོང་ལ་དངངས་འཚབ་དང་འཇིག་སྣང་ཞིག་ཀྱང་ངང་གིས་སྐྱེ་འོང༌།
གངས་རི། གངས་རི་ཡོད་ཚད་བཞུར་ཞིང༌།
ཆུ་བོ་ཐམས་ཅད་སྐམ་ན།
མིའི་རིགས་ཀྱི་གཙོས་པའི་གྲངས་ཡས་སེམས་ཅན་འདི་དག་གི་ཚེ་སྲོག་མྱུ་གུ།
གང་ཞིག་གིས་བརླན་པར་བྱེད༌།
གང་ཞིག་གིས་གཤེར་བར་བྱེད་དམ། ངོ་མ། གངས་རི། གངས་རི་མུ་མཐུད་བཞུར་སྐྱེན་མི་རུང་ལ།
ཆུ་བོ་ཐམས་ཅད་སྐམ་ཡང་མི་རུང༌།
འདི་ལྟར་བཞུར་ཞིང་སྐེམ་ན།
མཐར་འུ་ཅག་མིའི་རིགས་ཀྱི་མིག་ཆུ་རྡོག་གཅིག་དེ།
གོ་ལ་འདིའི་ཆེས་མཐའ་མའི་ཆུ་ཐིགས་གཅིག་པུ་དེ་ཡིན་ངེས།
        ༢༠༠༩ལོའི་ས་ག་ཟླ་བའི་ཚེས་༢༢ཉིན་གདུང་བ་དང་དུང་སེམས་ཅིག་ཅར་གི་ངང་བྲིས་པ་དགེ་ལེགས་འཕེལ།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།