གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཆེན་གངས་རྒྱབ་ལ་སྤྲིངས་པའི་སྨྲེང་འཕྲིན།

2012-04-09 16:55:00 དཔལ་ལྡན་རྒྱ་མཚོ།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

         _____ཨ་ཆེན་གངས་རྒྱབ་ནས་བཞུད་ཟིན་པའི་དཔའ་བོ་ཞིག་སྟེ།  འཆི་ཁ་གྲགས་པ་རྡོ་རྗེའི་མཛད་དོན་ཐོས་ནས་བྲིས་པ་ཡིན།
ཁྱེད་ཀྱི་ཁུ་ཚུར་འདྲ་བའི་མ་མོ་བྲང་གཞུང་ན།
འཕུར་འདོད་པའི་སེམས་པ་དྲོན་མོ་ཞིག་གིས།
སྐྱེ་བ་གང་ཞིག་ལ་མི་འགྱུར་བའི་དམ་བཅའ་ཉར་ཞིང་།
རྣམ་ཤེས་ལྕགས་སྐུད་ལྟར་མེལ་ཚེ་དང་སོ་ལྟ་དོགས་ཟོན་གྱིས།
ཆེས་མཐོ་སའི་ལྷགས་རླུང་དང་རྫབ་རྫོད་ཁྲོད་ན།
ལེ་བདའ་དང་ཁངས་ར་ཅི་ཡང་མེད་པའི་རྟུལ་ཞུགས་ཀྱིས་འཚོ།

ཞིབ་ཏུ་བསམ་ན།   ཐང་རྒོད་དེའི་བྲང་གཞུང་དུ།
ཁྱེད་རང་ཁེར་རྐྱང་ཡིན་མི་སྲིད།
གཤེད་ངན་དེའི་ལྐོག་མདའི་སྔོན་གྱི་མཚན་ལྗོངས་ན།
འཇིག་རྟེན་དུ་མ་བསླེབ་པའི་ཚེ་སྲོག་མང་པོ་སྟེ།
མདོ་ལ་རིང་མོའི་འཁྱུག་བྲིས་སུ་སྣང་བའི་གཙོད་ཁྱུ་དང་།
ཨ་ཆེན་གངས་རྒྱབ་ཀྱི་རྐྱང་ཕྲུག་གི་འཚེར་སྐད།
སྲོག་ཐོག་གི་མཆོངས་རྒྱུགས་མཐའ་དག
ཁྱོད་ཀྱི་རྨི་ལམ་དུ་འཁོར་ཡོད་ངེས།

ནམ་མཁའ་གཡའ་དག་པའི་དུས་ཚིགས་འདིར།
གཤེད་མའི་ཚོགས་ཀྱི་བསྟན་པ་དར་བས།
ཁྱེད་ཀྱི་ཆུ་ཤེལ་འདྲ་བའི་དྲི་མེད་ཀྱི་ཀུན་སློང་དང་།
དེ་ཡིས་བསླངས་པའི་སྙིང་སྟོབས་ཀྱི་ཤུལ་ལམ་རིང་མོ།
གཞོམ་པར་འདོད་པའི་གཤེད་ངན་ཚོའི་བསམ་བློ།
ཅུང་ཙམ་སྔ་མོ་ནས་ཤེས་ཚོར་བྱུང་ནའང་དགའ་བ་ལ།

མཐོ་སྒང་གི་ཚེ་སྲོག་གང་མང་ཞིག
གཤེད་མའི་མདའ་ཁ་ནས་འཕྲོག་ལ།
རི་མཐར་ཕབ་པའི་རྐང་རྗེས་ཕྲ་མོ་དག།
མདང་བབས་པའི་ཁ་བའིི་ཁྲོད་ན་ད་དུང་གསལ་ལྷང་ངེར།
ཡིན་ནའང་རྐུན་ཇག་ནི་འཐོར་རླུང་དང་འདྲ་ཞིང་།
ཁོ་ཚོའི་མིག་ལམ།
ཤ་རློན་དང་ཁྲག་དྲོན་གྱི་ཁེངས་ཡོད།
རྒྱལ་ས་ནས་ཕྱིར་ལོག་པའི་རྒོད་པོ།
སྟོན་མཇུག་གི་མཚན་མོ་དེའི་སྨག་ངོགས་ནས།
ཁྲག་ལ་རྔམས་པའི་མདེའུ་ཞིག་གིས་ལྟག་རྒྱབ་ནས་ཕིགས་པས།
སྐྱོ་གར་ཞིག་གིས་རྨི་ལམ་དཀྲོགས་སོང་།
        ༢༠༡༢ལོའི་ཟླ་༤པའི་ཚེས་གསུམ་ཉིན་ལ་པེ་ཅིན་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།