གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྗེད་དཀའ་ཞིང་དྲན་སླ་བའི་ཁྱོད།

2012-04-03 17:10:00 གཅན་འོད་འབར། ཀློག་གྲངས། མཆན ཡོད།

          ༡
ཁྱོད་རང་དྲན་དུས།
མིག་ཟུང་མཆི་མས་བརྣངས་ཤིང།
སེམས་པ་སྐྱོ་བས་བཟི།
མྱ་ངན་གྱི་འཚོ་བའི་ཀློང་ནས་འདི་ལྟར་ཁྱོད་རང་དྲན་དུས།
ལྐོག་གྱུར་གྱི་མཇལ་འཛོམས་ཤིག་ལ་སྨོན་པ་ཧ་ཅང་དྲག
ཁྱོད་རང་དྲན་དུས།
ལྷིང་འཇགས་ཀྱི་གཙང་བོ་གྱེན་ལ་བཞུར་ཞིང།
ཁུ་སིམ་གྱི་རི་བོ་ཐུར་ལ་འཕྱིང།
ད་དུང། ཉིན་མཚན་འདི་ཅི་འདྲའི་རིང་ཞིང།
ལོ་ཟླ་འདི་ཅི་འདྲའི་དལ་མོ་ཞིག་རེད་ཨང།
ཁྱོད་རང་དྲན་དུས།
མེ་ཏོག་ལྟ་བུའི་འཛུམ་མདངས་དེ་དྲན་ལ།
རོལ་དབྱངས་འདྲ་བའི་དགོད་སྒྲ་དེ་བསམ།
ད་དུང། འོ་མ་ལྟ་བུའི་ངང་རྒྱུད་དེ་ཡང་དྲན་ཡོང།
སྙིང་ཉེ་མ།
སྟོང་འདང་དང་རྨི་ལམ་ཁྲོད་ཀྱི་གྲིབ་གཟུགས་དེ།
སུ་ཞིག་ལ་བཞག་པའི་དྲན་ཤིང་ཡིན་ནམ།
ཁྱོད་རང་དྲན་དུས།
ན་ཟུག་གི་དངན་པའི་གསེབ་ནས།
རེ་སྒུག་གི་མིག་ཟུང་རྒྱང་ལ་གཏད་ཅིང།
མྱ་ངན་གྱི་ཕྱིར་དྲན་ཁྲོད་ནས།
དྲན་གདུང་གི་སེམས་པ་རྒྱང་ལ་ཕྱོགས།
འདས་ཟིན་པའི་ལོ་ཟླ་དང་གཏམ་རྒྱུད་ཨང།
ད་དུང་འདི་ལྟར་དྲན་དོན་ཅི་ཡིན།
ཁྱོད་རང་དྲན་དུས།
ནམ་མཁའ་དང་ས་གཞི་རྒྱུས་མེད་ཅིག་ཏུ་སྣང་ལ།
འཚོ་བ་དང་མི་ཚེ་ཡང་ཆ་མེད་ཅིག་ཏུ་གྲུབ།
བུ་མོ་ལགས།
བོར་སོང་བའི་ཁ་ཆེམས་དེ་ཚོ།
ད་ལྟ་ཡང་སྙིང་གང་ན་ཡོད།
བརྗེད་ཟིན་པའི་དམ་བཅའ་དེ་ཚོ།
ད་ལྟ་ཡང་སྙིང་སུ་ལ་ཡོད།
སེམས་མེད་མ།
ཡིད་འོང་གི་འཛུམ་མདངས་དེའི་རྒྱབ་ན།
གཞན་སུ་ཞིག་གི་ངོ་གདོང་སྦས་ཡོད།
སྙན་འཇེབས་ཀྱི་དགོད་སྒྲ་དེའི་གསེང་ན།
གཞན་སུ་ཞིག་གི་སྙིང་གཏམ་སྐོང་ཡོད།
ཉམ་ཆུང་གི་གཤིས་རྒྱུད་དེའི་ཕུགས་ན།
གཞན་སུ་ཞིག་གི་བརྩེ་འདང་བཀབ་ཡོད།
གབ་ཚིག་ལྟ་བུའི་ཁྱོད་རང།
ཡང་སྙིང་སུ་ལ་དགའ་འམ།
འདི་ལྟར་ཅི་ཡང་མེད་པའི་ལག་ཟུང།
འཁྱག་སིབ་སིབ་ཀྱི་སྙིང་གར་གླན་ཞིང།
གང་ཡང་མེད་པའི་སེམས་པ།
གྲང་ཤུར་ཤུར་གྱི་ཁོག་ལ་སྒོམ་དུས།
ཉིན་མཚན་གྲངས་མེད་ཁེར་རྐྱང་དུ་བསྐྱལ་ཞིང།
ལོ་ཟླ་གང་མང་དྲན་གདུང་གིས་བསུས་པའི་སྐྱོ་གར་དེ་དྲན་འོང།
འོན་ཀྱང་། ཁྱོད་ཀྱི་ཅི་ཞིག་གི་ཆེད་དུ།
ཐོབ་པ་ལས་ཤོར་བ་མང་བའི་མི་ཚེ།
ཁྱོད་ཀྱི་ཅི་ཞིག་གི་སླད་དུ།
དགའ་བ་ལས་སྐྱོ་བ་མང་བའི་འཚོ་བ།
ང་ལ་མཚོན་ན་བདེ་སྐྱིད་ཀྱི་དགོད་སྒྲ་ཞིག་རེད་ལ།
ང་ལ་མཚོན་ན་རྒྱལ་ཁའི་འཛུམ་མདངས་ཤིག་ཀྱང་རེད་ལགས།
         ༢
རླུང་བུ་གཡུགས་སོང།
ཆར་བ་བབས་སོང།
སྡོང་ལོ་ཉིལ་སོང།
ཁ་བ་ཡང་བབས་སོང།
ཡིད་འོང་མ།
ཁྱོད་རང་ནམ་ཞིག་ལ་མེ་ཏོག་བཞིན།
བདག་སེམས་ཀྱི་གླིང་ག་རུ་བཞད་དམ།
ཁྱོད་རང་ནམ་ཞིག་ལ་འཇའ་ཚོན་ལྟར།
བདག་ཡིད་ཀྱི་མཁའ་དབྱིངས་སུ་ཤར་རམ།
ཁྱོད་རང་ནམ་ཞིག་ལ་སྙེ་མ་བཞིན།
བདག་སྙིང་གི་ཞིང་ཁ་རུ་སྨིན་ནམ།
ཁྱོད་རང་ནམ་ཞིག་ལ་བུ་ཡུག་ལྟར།
བདག་བློའི་འཇིག་རྟེན་དུ་ལྡང་ངམ།
ཨ་་་ཨ་་་་་་།
སུ་ཞིག་གི་ཆེད་དུ་ཤི་མ་ཐུབ་པའི་སེམས་པ་དམར་པོ།
སུ་ཞིག་གི་སླད་དུ་བཙུམ་མ་འདོད་པའི་མིག་ཟུང་ཁྲ་མོ།
ཁེར་རྐྱང་གི་གྲིབ་གཟུགས་ལ་ཁེན་ནས།
ཉིན་མཚན་གྱི་དབྱེ་བ་མེད་པར།
དུས་ཚིགས་ཀྱི་ངེས་པ་མེད་པར།
མྱ་ངན་གྱི་རོལ་དབྱངས་དཀྲོལ་ཞིང།
དྲན་གདུང་གི་རྒྱང་གླུ་ལེན་པ།
ཁྱོད་ཀྱིས་ཐོས་ཨེ་བྱུང།
སྙིང་སྡུག་མ།
ཁྱོད་ཀྱིས་ཨེ་ཤེས།
ལྷ་ཡི་བུ་མོ་འདྲ་བའི་མཛེས་སྡུག་ཁྱོད་ལ་མེད་ཀྱང།
སྒྲོལ་མ་དཀར་མོ་ལྟ་བུའི་ཐུགས་རྒྱུད་ཁྱོད་ལ་དབེན་ཡང།
དབྱངས་ཅན་ལྷ་མོ་འདྲ་བའི་སྐད་ངག་ཁྱོད་ལ་སྟོང་ཡང།
ངའི་ཉམ་ཆུང་གི་སེམས་ཁོང་དང་ཁྲ་ཆུང་གི་མིག་གོང་ན།
ཁྱོད་ཡོད་ཚད་ཀྱི་ལྷག་ཡིན་ལ།
ཁྱོད་ཡོངས་རྫོགས་ཀྱི་ཡན་ཡིན།
ཐ་ན། བདག་གི་རྩ་ལམ་ན་རྒྱུ་བའི་ཟུངས་ཁྲག་ཁྱོད་ཡིན་ལ།
བདག་གི་སེམས་གཏིང་ན་འཕྱོ་བའི་ཚོར་རླབས་ཁྱོད་ཡིན།
ད་དུང་། བདག་གི་བྲང་གཞུང་ན་ལྡིང་བའི་སྙིང་གསོན་པོ་ཡང་ཁྱོད་ཡིན་པས།
ཁྱོད་ཡོད་ན། བདག་གི་འཁོར་བ་ལ་སྙིང་བོ་ཡོད་ལ།
ཁྱོད་ཡོད་ན། བདག་གི་མི་ཚེ་ལ་རིན་ཐང་ལྡན།
ཁྱོད་ཡོད་ན། བདག་གི་འཚོ་བ་ལ་བདེ་སྐྱིད་ཡོད།
ཁྱོད་ཡོད་ན་་་་་་། ཁྱོད་ཡོད་ན་་་་་་་་་་་་།
ཁྱོད་རང་དྲན་དུས།
སེམས་ཐག་རིང་བའི་སྣང་བ་མཐུག་པོ་ཞིག་དང།
འབྲེལ་འདྲིས་དཀོན་པའི་ཚོར་བ་ལྕི་མོ་ཞིག་གིས།
ང་ལ་བརྗོད་མི་ཤེས་པའི་སེམས་འཚབ་ཅིག་སྦྱིན་བྱུང་ལ།
ང་ལ་འགྲེལ་མི་ནུས་པའི་བྲེལ་ཤ་ཞིག་བསླངས་བྱུང།
ཁུ་སིམ་པའི་ཁྱོད་ཀྱི་བདེ་མོ་འཇོག་ཚུལ་དང།
ལྷིང་འཇགས་པའི་ཁྱོད་ཀྱི་འཚོ་བ་རོལ་སྟངས་ཀྱིས།
ཁྱོད་ཀྱི་ལོག་ཕེབས་ལ་ནམ་ཡང་རྫོགས་ཚིག་བཀོད་ཅིང།
འུ་གཉིས་ཀྱི་སླར་འཛོམས་ལ་གཏན་དུ་མཇུག་སྡོམ་རྒྱབ་བྱུྱང།
དེ་དུས། ངས་ཅི་ཞིག་བརྗེད་པ་དང་འདྲ་ལ།
ཅི་ཞིག་བོར་བ་དང་ཡང་མཚུངས།
           ༣
རི་ཀླུང་སྨུག་པས་བསྒྲིབ།
ཆུ་མོ་འཁྱག་པས་བསྡམ།
ཡིད་སེམས་དྲན་པས་གདུང།
སྙིང་ཉེ་མ།
ཁ་སང་གི་ཡལ་མེད་བག་ཆགས་ད་ལྟ་གང་ན་ཡོད།
དེ་རིང་གི་བརྗེད་མེད་ཕྱིར་དྲན་ད་ལྟ་སུ་ལ་ཡོད།
སང་ཉིན་གྱི་འགྱུར་མེད་རེ་འདུན་ད་ལྟ་གང་དུ་ཡོད།
འདི་ལྟར་ལྷོ་བཞུད་ཀྱི་མཚམས་སྤྲིན་དམར་པོར།
མཆི་མས་བྲིས་བའི་བརྩེ་འཕྲིན་ཡང་ཡང་བསྐུར་ཞིང།
ལྷོ་འཕུར་གྱི་ཁྲུང་ཁྲུང་དཀར་མོར།
སེམས་པས་བཏེགས་པའི་འཚམས་འདྲི་ཡང་ཡང་བཏང་ན་ཡང།
ཅི་ཡང་གོ་རྒྱུ་མེད་པའི་ཁྱོད་ཀྱི་ངང་ཚུལ་དང།
གང་ཡང་ཚོར་རྒྱུ་མེད་པའི་ཁྱོད་ཀྱི་བརྟུལ་ཞུགས་དེ།
ཆེས་ཐོག་མའི་ཕམ་ཁ་ཞིག་དང་འདྲ་ལ།
ཆེས་མཐའ་མའི་རྨ་ཁ་ཞིག་དང་མཚུངས་བར།
མེ་རི་བཞིན་བདག་གི་གློ་སྙིང་མཆིན་གསུམ་བརྟོལ་ནས་འབར་བྱུང།
ས་ཡོམ་ལྟར་བདག་གི་ཤ་ཁྲག་རུས་གསུམ་གས་ནས་རྒྱབ་བྱུང།
མཛའ་ན་མོ།
ཁེར་རྐྱང་གི་ལང་ཚོར་རྒས་གཉེར་གྱི་རི་མོ་བབས་པ་མཐོང་དུས།
མིག་ཟུང་གི་རྒྱབ་མདུན་ལ་སྐྱོ་གདུང་གི་མཚོ་མོ་འཁྱིལ་ཞིང།
ཡིད་སེམས་ཀྱི་ཟབ་ས་ལ་སྡུག་ཡུས་ཀྱི་མུན་པ་འཐིབ་བྱུང།
འོན་ཀྱང།
རེ་སྒུག་གི་སྐྲ་ལོ་འདི་ལྟར་དཀར་པོར་གྱུར་ཡང་རུང།
ཕྱིར་དྲན་གྱི་དུང་སོ་འདི་ལྟར་ས་ལ་འཐོར་ཡང་རུང།
ཡིད་ཀྱི་སྣང་བ་ཞིག་ལ།
རྒྱང་རིང་ན་ད་དུང་མཛེས་སྡུག་གི་བརྩེ་སེམས་ཡོད་ལ།
རྒྱང་རིང་ན་ད་དུང་ཡིད་འོང་གི་ཞེ་འདང་ཡོད་པར་སེམས།
དྲན་སླ་ཞིང་བརྗེད་དཀའ་བའི་ཁྱོད།
ཡང་སྙིང་སུ་ཞིག་ཡིན།
ཡང་སྙིང་གང་དུ་ཡོད།
བརྗེད་དཀའ་ཞིང་དྲན་སླ་བའི་ཁྱོད།
ཡང་སྙིང་སུ་ཞིག་ཡིན།
ཡང་སྙིང་སུ་ལ་དགའ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།