གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་སྙན་ངག་ཁག་བཞི།

2012-03-02 10:36:00 ཁྲག་སྙུག ཀློག་གྲངས། མཆན ཡོད།

          ____ཡུལ་རྨ་ཆུར་མིག་ཟུང་གཏད་དེ་ཁེར་ལབ་བྱས་པ།
           ཁག་དང་པོ།
 ལྷོད་ཤ་ཆགས་པའི་སྔོ་ཡུག་ཡུག་གི་རྨ་ཆུ
 ནུ་མོས་རྨི་ལམ་ནས་རྙེད་པའི་གསེར་གྱི་གདུ་བུ་ཇི་བཞིན
 དྲན་པ་དང་མིག་ཟུང་ཤོར་སའི་ཞེ་སྣང་བན་བུན
         
 རྨ་ཆུ་ན   རྨ་ཆུ་ལས་རིང་བའི་གླིང་རྗེ་དཔའ་བོའི་སྙན་སྒྲུང་དང
 རྨ་ཆུ་ན   རྨ་ཆུ་ལས་ཟབ་པའི་འབྲོག་ས་སྨུག་པོའི་གཏམ་རྒྱུད་ཡོད
རྨ་ཆུ་ན  ངའི་སྙན་ངག་ཏུ་སྒོམ་པའི་ཐ་སྙད་འདི་དག་གི་ཚེ་སྲོག་ཀྱང་ཅི་ལ་མེད
           
ཨ་ཕའི་འཕྲེང་བ་མ་བོར་བའི་རྨ་ཆུ་ཚང་ན
གླིང་དཀར་དཔའ་བོའི་སྙིང་སྟོབས་དང་གྲི་རིང་བཟུང་ཡོད
 ཨ་མའི་རྩམ་དྲི་མ་ཡལ་བའི་རྨ་ཆུ་ཚང་ན
 སེང་ལྕམ་འབྲུག་མོའི་གཤིས་ཀ་དང་མོ་སྒོ་སྦས་ཡོད
              ༢༠༡༡.༡༡.༧ ཉིན་དྲ་ཁང་ནས།
 
           ཁག་གཉིས་པ།
ལྷ་སྡེའི་མེ་ཏོག་ཐང་གི་ཆུང་ལོ་མའི་ལ་གཞས་ཕྲ་མོ
གོང་གསེར་ཁ་མདོའི་ཆུ་འགྲམ་ནས་ཡང་ཡང་ཐོས་ཤིང
རྟ་བོ་ནག་ནག་ཞོན་པའི་སྐྱ་མི་ཁེར་འགྲོ་དེ
 ཁྲོ་ཁོའི་སྦྲ་ཆེན་ཚང་གི་གསར་བུ་གླག་སྒྲོ་འདྲ་བ་དེ་རེད
 
དངུལ་རྭའི་ལྟེབས་ཁུག་ན་འཚོ་བའི་ལྷོད་ཡང་གི་ལུག་ཁྱུ་དེ
 རྨ་ཆུའི་འགྲམ་ངོགས་ན་གནས་བའི་འཚེ་མེད་ཀྱི་གཡང་སྡེ་དེ
 དེ་དག་ནི་བདག་གི་རྨི་ལམ་དུ་འཁོར་བའི་རྨ་ཆུ་ཡིན
 རྨི་ལམ་ལས་མངོན་གསུམ་དུ་མཐོང་བའི་རྨ་ཆུ་ཡིན
 
 ལག་ཏུ་རྩམ་རྒན་མགོ་འདྲ་བ་ཞིག་བཟུང་བའི་བྱིས་པ་དེ
 ཕྲག་ཏུ་སྒྱེ་མོ་རི་འདྲ་བ་ཞིག་ཁུར་བའི་འབྲོག་མོ་དེ
 དེ་དག་ནི་བདག་གི་སྙན་ངག་དུ་འབྲི་བའི་རྨ་ཆུ་ཡིན
 སྙན་ངག་ལས་ཚོར་སྣང་དུ་སྒོམ་པའི་རྨ་ཆུ་ཡིན
 
རྨ་ཆུ་ཡ  རྨ་ཆུ་ཡ  བདག་གི་འབྲོག་སྡེ་མར་ཁུ་འདྲ་བོ
                          ༢༠༡༡.༡༡.༡༠ ཉིན་བྲིས།

           ཁག་གསུམ་པ།
རྨ་ཆུ   སེམས་ཀྱི་མཆོད་པ་འབུལ་ས
རྨ་ཆུ   ཡིད་ཀྱི་བྱེའུ་འཕུར་ས
རྨ་ཆུ   ཤ་མཆིན་གྱི་གསེང་ནས་ཡང་ཡང་འཚེར་མཁན
མཚེར་ནས་ཀྱང་ཡ་ཁོག་ལ་སྟོབས་ཤུགས་སྤྱིན་མཁན
རྨ་ཆུ   རུང་རྐང་གི་གཏིང་ནས་ཡང་ཡང་མནར་མཁན
མནར་ནས་ཀྱང་སྙན་ངག་ལ་ན་ཟུག་བསྒོ་མཁན
 
རྨ་ཆུ་མེད་ན   རྨ་ཆུའི་ཁོག་གི་གསེར་ཉ་མེད་ལ
གསེར་ཉ་མེད་ན  རྨ་ཆུ་རྨ་ཆུ་རུ་རློམ་མཁན་ག་ཚོད་ཡོད
རྨ་ཆུ་མེད་ན  རྨ་ཆུའི་གསེབ་ཀྱི་རྡོ་མེད་ལ
རྡོ་མེད་ན   རྨ་ཆུ་རྨ་ཆུ་རུ་བརྩི་མཁན་སུ་སུ་ཡོད
                    ༢༠༡༡.༡༡.༡༡.ཉིན་སློབ་ཁང་ནས
 
           ཁག་བཞི་བ།
རྨ་ཆུ་ནི་ལྷ་ཆེན་ཚངས་བ་དཀར་བོའི་གསེར་གྱི་གཞོང་བ་ཡིན
རྨ་ཆུ་ནི་ཨ་ནེ་གོང་མ་རྒྱལ་མོའི་དངུལ་གྱི་བླ་གཡུ་ཡིན
རྨ་ཆུ་ནས་ངས་སྐྱ་མི་རྟ་ནག་ཅན་དེ་ཡང་ཡང་མཐོང་ལ
རྨ་ཆུ་ནས་ངས་སྨན་ཆུང་ཆུ་ལེན་མ་དེ་ཡང་ཡང་རིག་མྱོང
      
རྨ་ཆུ་བཤད་དུས
ངས་རྨ་ཆུ་ལྟ་བུའི་སྙན་ངག་ཅིག་དྲན་སྲིད་ལ
རྨ་ཆུ་གླེང་དུས
ངས་རྨ་ཆུ་ལྟ་བུའི་སྐྱེས་ཕོ་ཞིག་ཀྱང་ཝ་ལེར་དྲན་སྲིད
                   ༢༠༡༡.༡༡.༡༩ཉིན་དྲ་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།