གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐར་མ། སྐར་མ། སྐར་མ་ནི་སུས་སྒོམ་ཐུབ་པའི་གནམ་སྔོན་པོའི་བློ་ཁོག་ཡིན་ནམ།

2012-06-14 14:15:00 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།


༼མཐོ་རྒྱུག་ལ་ཞུགས་པའི་སློབ་གྲོགས་ཚོ།  བློ་མ་ཕམ།  ཡིད་མ་ཆད།  
འདི་ནི་ཀྱག་ཀྱོག་གི་གོམ་འགྲོས་ཐེངས་ཤིག་རེད།  འདི་ནི་གདུག་རྩུབ་ཀྱི་འཇིགས་སྣང་ཐེངས་ཤིག་རེད།
ང་ཚོའི་མི་གཞི་ཟབ་ས་ན་གནས་བའི་དྲང་བདེན་རྣལ་མ་དེའི་དབང་གིས།  
ནམ་ཡང་ང་ཚོ་ལ་འོད་སྣང་ཞིག་འཆར་ངེས་རེད།  
ཚུལ་འཆོས་རང་བཞིན་ཅན་དང།  
ལྐོག་གཡོ་རང་བཞིན་ཅན།  གདོང་འབག་གྱོན་པའི་མི་དེ་དག་ལ་སྐྲག་མི་དགོས་བར་མདུན་དུ་མཆོངས་དང་སློབ་གྲོགས་ཚོ་་་་་་་་་་༽
དེ་རིང་ནི་ཉི་མ་ཤར་བའི་དུས་ཤིག་རེད།
དེ་རིང་ནི་ཟླ་འོད་འཛིན་པའི་སྐབས་ཤིག་རེད།

སྐར་མའི་མིག་འོད་ཀྱིས་ཟིན་མི་ཐུན་པའི་ཆུ་ནང་གི་གཟུགས་བརྙན་དེའང
རེ་ཞིག་རྒྱ་མཚོ་དང་འཐིམ་འགྲོ་སྟེ
འདི་ལ་མིག་ཆུ་མི་འདུག
དེ་ལ་ཀུ་ཅོ་མི་འདུག

ངོ་བོ་དབྱེར་མེད་དུ་འདྲེས་འདོད་པའི་སོ་སོའི་མཐའ་སྣ་ནས
ཁྱོད་ལ་མ་ཎི་ལྷ་ཁང་ཞིག་བརྩིགས་ཡོད།

དེ་ནི་ཨ་ཕའི་ཐབས་དང་ཨ་མའི་ཤེས་རབ་ཀྱི་བློ་སྤོབས་ཡིན།

ཡོད་ཚད་ཀྱི་ཁ་དོག་མི་འདྲ་བའི་དབང་གིས
སྣུམ་ཚོན་རི་མོ་གང་ལའང་ནག་ཐིག་ཞིག་ཡོད་དགོས་ཏེ
དེ་ནི
ཁྲབ་རྨོག་དང་རལ་གྲི་ལྟ་བུའི་དཔའ་བོའི་མཚོན་རྟགས་ཡིན་པ་ཚོར།

ཁ་བའི་དུས་ཚིགས་ཀྱི་ཁྱོད་ཚོར་གྱེས་བརྡ་གཏོང་གིན་འདུག

ཁྱོད་ནི་ཚོན་མདངས་ཉམས་པའི་རྫི་བོ་ཞིག་གི་ལོ་ཟླའི་ནང
ས་ནས་ལངས་ཤིང་ས་རུ་འགྱེལ་ཏེ

རྔམ་བརྗིད་ཀྱི་གསེར་ཁྲི་ནང་བཞིན
དེའི་ཁ་དོག་ནི་སེར་ལམ་ལམ་གྱི་ཉི་འོད་ཞིག་གི་ཁ་དོག་རེད།

ཁྱོད་ཀྱི་འགྲམ་ན་ཆུ་ཚོད་འཁོར་ལོ་ཞིག་བཞག་ཡོད།
དེ་ནི་རྡོ་རིང་སྟེང་གི་ཡི་གེ་ཚོན་པོ་དག་དང་འདྲ་བར

རླུང་བུ་གཡུག་ཐེངས་རེར
དེ་ཇེ་གསལ་ནས་ཇེ་གསལ་དང
ཡང་ན  ཇེ་ཉེ་ནས་ཇེ་ཉེ་རུ་གྱུར་ཏེ
མཐའ་མར་ཁྱོད་དང་རྒྱང་ཐག་མི་རིང་།
ཁྱོད་དང་ཁ་ཐག་མི་རིང་།

མཐོང་ཡུལ་དུ
དེ་ནི་མཐའ་མཇུག་གི་ཁ་ཆེམས་ཐེངས་ཤིག་རེད།

སྨོན་ཡུལ་དུ
བྱ་ཁྱུ་གང་ལ་འཕུར་ནའང
ལྗང་མདོག་གི་རྣམ་ཤེས་འཚོལ་དུ་འགྲོ་ངེས་རེད།

རྨི་ལམ་གང་དུ་ཕྱིན་ནའང
ཡིད་སེམས་ཀྱི་ན་བུན་དང་འདྲེས་བའི་གདུང་བ་སྐྱོར་ངེས་རེད།

དེ་རིང་ནི་སྐར་མའི་ཚར་གཅོད་བྱེད་པའི་ཉིན་ཞིག
དེ་རིང་ནི་གཏུད་ཤིང་སྔས་མགོར་འཇོག་པའི་ཉིན་ཞིག

ཁྱེད་ཀྱི་ནམ་མཁའ་མ་བརྗེད་དང་།
ཁྱོད་ལའང་ནམ་མཁའ་ལྟ་བུའི་བློ་ཁོག་ཡོད་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།