གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་འུག་པ་གླེང་བ།

2012-06-07 12:12:00 ར་བཟི་དབང་གྲགས། ཀློག་གྲངས། མཆན ཡོད།


བསྲུབ་མི་འཚར་བའི་ལོ་རྒྱུས་ཀྱི་རྨ་ཁའི་ཁྲོད།
རྒན་ཁོག་ཚོའི་ཟློས་མི་ཚར་བའི་བཤད་རྒྱུན་ཀློང་།
ཆུ་གཉེར་དང་འདྲ་བའི་འཇིག་རྟེན་དེའི་ཞལ་ངོས་ན།
བྱ་འུག་པ།  ནོར་འཁྲུལ་གང་ཞིག་གི་སྲིན་བྱ་ཡི་གྲལ་དུ་འབུད།
 
སྲིན་བྱ་འུག་པ།
དཀར་མིན་ནག་མིན་གྱི་ཁྱོད་ཀྱི་ཁ་མདོག་དེས་ལན་ནམ།
གདམ་ག་འབྲལ་བའི་ཁྱོད་ཀྱི་འཚོ་སྟངས་དེས་ལན།
ཡང་ན།  གར་སོང་མི་ཤེས་པའི་ཁྱོད་ཀྱི་ཕ་མེས་ཀྱི་འཁྲུལ།
ལོ་ཏོག་གི་མགོ་བོ་གཏོར་མྱོང་མེད་པའི་ཁྱོད།
འབྲོག་ཐང་གི་ལུ་གུ་སྤྲིན་གསེབ་ཏུ་བླངས་མི་ནུས་པའི་ཁྱོད།
གཞིས་ཁྱིམ་གྱི་ལྕང་གླིང་ཕ་གཞིས་སུ་བཅོལ་མེད་ལ།
མི་གཙང་གི་རྟུག་པ་མི་བུའི་མགོ་སྟེང་དུ་གཏོར་མྱོང་ནི་མེད།
གནའ་བོའི་གྱང་གོག་དང་གདོད་མའི་བྲག་གསེབ་ཏུ་བཅའ་བའི་ཁྱོད།
བྱིའུ་ཁྲ་བཟས་ཅིང་ཐན་སྐད་བྱིན་པའི་ནག་ཉེས་དེས།
ཧ་ལམ་དེ་རིང་གི་ཕམ་ཁ་དེ་ཉོས་འོང་བ་འདྲ།
 
ཕོ་རྒོད་འུག་པ།
མི་རྟག་པའི་འོད་ཟེར་ཁྱུ་གཅིག་གི་བསྣུན་འོང་བའི་ཁྱོད།
མི་ཁ་ཡི་གཙེས་ནས་ཐལ་སྐྱར་འགྱུར་སོང་བའི་ཁྱོད།
རྟེན་འབྲེལ་དཀྲུགས་པའི་ལན་ཁག་གི་མདུང་རྩེ་ན།
བསྐྱུར་ཐབས་མེད་པའི་ཁྱོད་ཀྱི་རུས་རྐང་ཁོ་ནའི་ཆེད།
ངོ་ལོག་པའི་གཏམ་རྒྱུད་སྔར་བཞིན་མི་འབྲི།
ཆམ་ལ་ཕབ་པའི་ལས་དབང་ནི་སྔར་བཞིན་མི་སྐྱོང་།
སྨག་ནག་པའི་མཚན་དགུང་གི་ཕང་བ་ནས།
མུན་ནག་གི་རྫ་ལུང་ལ་ཡང་ཡང་འཐབ་ཤོག་ཨང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།