གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་པ།

2012-05-22 10:47:00 ཨ་རྟ་མགྲིན་སྐྱབས། ཀློག་གྲངས། མཆན ཡོད།

སློབ་ཆེན་པ།    མེ་ཏོག་ཅིག་གནམ་ནས་ལྷུང་བའི་ཐུན་གསུམ་གྱི་རྨི་ལམ་ཡིན་ལ།
སློབ་ཆེན་པ།  
སྟོང་དབྱིངས་སུ་ལག་པ་ཡ་གཅིག་བསྲིངས་པའི་ལན་ཆགས་ཡིན།

སློབ་ཆེན་པ།     ཁ་གསོན་པོ    ལག་ཤི་བོ།
 
སློབ་ཆེན་པས་ཕ་ཨ་ཁུའི་ལོ་རྒྱུས་དང་ངུར་སྨུག་གི་ན་བཟར་དོགས་སློང་མཛད་ན་འདོད་ཟེར།

ངས་ཁྱོད་ལ་བཤད།
ཁྱོད་ཀྱི་ཕུགས་འདུན་དེ་རྨི་ལམ་མཚར་པོ་ཞིག་གི་ཚད་ལ་ཞོག

སློབ་ཆེན་པས་མ་སྲི་མོའི་ཐོབ་ཐང་དང་ས་བཅུ་བའི་ཡང་སྙིང་རྟོགས་ན་བསམ་ཟེར།
ངས་ཁྱོད་ལ་བཤད།
ཁྱོད་ཀྱི་དམིགས་དབེན་དེ་མདོག་འགྱུར་ད་བྱིད་ཅིག་ལ་དཔེ་ལོངས།
 
སློབ་ཆེན་པ།    ཁྱོད་ཀྱིས་རི་ཆུ་སྟོང་ཕྲག་གི་ཕ་མཐའ་ནས་ཨ་ཕའི་རྒས་གཉེར་གྱིས་བྲིས་པའི་སྦྲ་ནག་བོར་མ་འགྲོ

སློབ་ཆེན་པ།     ཁྱོད་ཀྱིས་ཆུ་གཙང་བོའི་བཞུར་རྒྱུན་ཁྲོད་ནས་ཨ་མའི་བློས་བསླང་གི་མིག་ཆུ་འཐུང་མ་ཐོངས།
 
སློབ་ཆེན་པ།     ཁ་སང་ཁྱོད་རོལ་རྩེད་དང་ཆང་ཕོར་ཁ་ན་དགའ་དུང་དུང་།    སྤྲོ་ལྷང་ལྷང་།
      
ཁྱོད་མི་ཁོམ་པའི་གནས་དང་དུ་བ་རྐང་གཅིག་གི་སྣེ་ན་ཚ་ལམ་ལམ།

ཡང་ན      ཁྱོད་གྲོང་ཁྱེར་དང་བརྩེ་དུང་གི་གུར་ཁྱིམ་ན་རང་རློམ་གྱི་སྤྲུལ་སྐུ་རང་བྱོན་ཅིག

སློབ་ཆེན་པ།      དེ་རིང་ཁྱོད་ཁ་རྒྱུགས་དང་ཡིག་རྒྱུགས་ཀྱི་ཐེ་ཚོམ་ཀློང་ན་གྲང་ཤུར་ཤུར།     
འཁྱག་སུབ་སུབ།
       ཁྱོད་ཁང་བརྩེགས་དང་འདྲིས་ཆེ་བའི་མི་ཚོགས་དབུས་ན་མུན་འཐོམ་འཐོམ།

མདོར་ན།       ཁྱོད་ཁ་སང་གི་རེ་ཆད་དང་དེ་རིང་གི་ཕམ་ཁ་འཁུར་པའི་ཁུག་མ་ཆུང་ཆུང་ཅིག

སློབ་ཆེན་པ།     ཁྱོད་ཆང་རྫ་ཞིག་རེད།      སྣོད་ཞབས་བརྡོལ་གྱི་ཆང་རྫ་ཞིག་རེད།

སློབ་ཆེན་པ།     ཁྱོད་འཇིམ་སྐུ་ཞིག་རེད།      རྨི་ལམ་ཨ་ཙ་མའི་མཆོད་སྡོང་ཞིག་གི་འཇིམ་སྐུ་རེད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།