གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདེ་སྐྱིད་ཀྱི་འཚོ་བ་ཚུགས་ཟིན།

2012-05-22 10:43:00 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།


སྙིང་སྡུག་མ།
རྒྱུན་གཏན་བརྩེ་བའི་ཕམ་ཉེས་རེ་རེའི་ཁྲོད་ན།
ཡིད་ཆད་ཀྱི་དབུགས་རིང་ཡང་ཡང་མ་འཕྱུག་ཨང་།
ང་སེམས་ཀྱི་བདེ་སྐྱིད་ཁྱེད་དང་བྲལ་བ་མེད་ལ།
ཁྱེད་སེམས་ཀྱི་དགའ་བ་ང་དང་ཡོངས་སུ་འདྲེས་དུས།
ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ཚུགས་ཟིན།
དཔྱིད་མགོའི་ས་བོན་བཞིན་རྟིང་ནས་ཚུགས་ཟིན།

སྙིང་སྡུག་མ།
རྒྱུན་མཐོང་འཚོ་བའི་ཁ་རྩོད་རེ་རེའི་རྗེས་ན།
རེ་ཆད་ཀྱི་དངན་པ་ཡང་ཡང་མ་འཐེན་ཨང་།
ང་སེམས་ཀྱི་རེ་བ་ཁྱེད་ཀྱི་བྲང་ན་བཏབ་ལ།
ཁྱེད་སེམས་ཀྱི་འདུན་པ་ང་ཡི་ཁོག་ནས་བཞད་དུས།
ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ཚུགས་ཟིན།
དཔྱིད་མགོའི་མྱུ་གུ་བཞིན་ཤུགས་ཀྱིས་ཚུགས་ཟིན།

སྙིང་སྡུག་མ།
ངོ་མ་ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ཚུགས་ཟིན་ཏེ།
ང་གཉིས་ལ་དབང་བའི་བརྩེ་སེམས་ཀྱི་ཁང་ཆུང་མེད་ཀྱང་ཆོག
ང་གཉིས་ལ་དབང་བའི་ཀུན་འཛོམས་ཀྱི་ལོངས་སྤྱོད་མེད་ཀྱང་འགྲིག
ངའི་བརྩེ་སེམས་ཀྱི་མེ་ལྕེ་དམར་པོ།
ནམ་ཡང་ཁྱེད་ཀྱི་ཆེད་དུ་འབར་བཞིན་པ་ཡིན་ལ།
ངའི་རྒྱུན་སྐྱོངས་ཀྱི་ཆུ་བོ་སྔོན་མོ།
ནམ་ཡང་ཁྱེད་ཀྱི་ཕྱོགས་སུ་བཞུན་བཞིན་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།