གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་ཆར།

2012-05-13 12:40:00 དགེ་སྐྱེས་ཚེ་རིང་། ཀློག་གྲངས། མཆན ཡོད།

འཇིགས་རུང་རྨི་ལམ་ཞིག་གིས་གཉིད་ལས་སད་དུས།
ཕྱི་རོལ་ན་མཚན་ཆར་འབབ་ཀྱིན་འདུག
མེས་པོའི་སྤྱན་ཆབ་འདྲ་བའི་མཚན་ཆར་འབབ་ཀྱིན་འདུག
ཆར་ཆུས་ཁོར་ཡུག་ཧྲིལ་པོ་རློན་པར་སྦངས་ཀྱང་།
བོད་མི་ཚོ་ད་དུང་བདེ་བའི་གཉིད་དུ་ཡུར་འདུག
བ་སྤུ་གྱེན་ལ་གཡོ་བའི་གློག་ཞགས་རེ་རེའི་འོག་ན།
བོད་མི་ཚོའི་རྨི་ལམ་ལ་མུ་མཐའ་མེད་ཅིང་།
སྙིང་རྩ་དྲག་ཏུ་ལྡིང་བའི་འབྲུག་སྒྲ་རེ་རེའི་ཁྲོད་ན།
བོད་མི་ཚོའི་སྔུར་སྒྲ་ལ་མཚམས་འཇོག་མི་འདུག

མཚན་ཆར་འབབ་ཀྱིན་འདུག
མེས་པོའི་སྤྱན་ཆབ་འདྲ་བའི་མཚན་ཆར་འབབ་ཀྱིན་འདུག
ཁུ་སིམ་གྱི་ཁང་ཆུང་གྲུ་བཞིའི་ནང་ན།
མཚན་ཆར་གྱི་སྒྲ་ལ་ཉན་བཞིན་པའི་ཁོ་བོ།
བ་སྤུ་གྱེན་ལ་གཡོ་བའི་གློག་ཞགས་རེ་རེས།
སྙིང་རྩ་དྲག་ཏུ་ལྡིང་བའི་འབྲུག་སྒྲ་རེ་རེས།
རྡོ་ལེབ་ཚ་པོའི་སྟེང་གི་གྲོག་མ་ལྟ་བུར་བཏང་ཞིང་།
བོད་མི་ཚོའི་བདེ་བའི་རྨི་ལམ་རེ་རེས།
བོད་མི་ཚོའི་ཞི་བདེའི་སྔུར་སྒྲ་རེ་རེས།
ཡ་ཆུང་སྙིང་ལ་ཙག་ཤད་ཡང་ཡང་བསླངས་བྱུང་།

མཚན་ཆར་ད་དུང་འབབ་ཀྱིན་འདུག
མེས་པོའི་སྤྱན་ཆབ་འདྲ་བའི་མཚན་ཆར་ད་དུང་འབབ་ཀྱིན་འདུག  
       ༢༠༡༢ལོའི་ཟླ་༥པའི་ཚེས་༡༠ཉིན་གྱི་ཐོ་རངས་ཆུ་ཚོད་གཉིས་པར།  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།