གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ཁེར་རྐྱང་།

2012-04-30 12:27:00 སེང་ཆེན། ཀློག་གྲངས། མཆན ཡོད།


འོད་དང་མུན་པ་དཀྲིས་པའི་མཐོང་ལམ་དུ
གཟུགས་མ་མཐོང  སྒྲ་མ་ཚོར  རེག་བྱའང་མི་འདུག
མིག་ཟུང་ཅེར   རྣ་ཤོག་ཀེར་ཡང
གྲང་ཤུར་ཤུར་གྱི་འཁྱགས་རླུང་གི་ངར་སྐད་ལས
ཐ་ན  རང་ཉིད་ཀྱི་གྲིབ་མ་མི་མཐོང  ངུ་སྐད་མི་ཚོར

མིག་ཆུ་བྱོ་དྲགས་པས
རབ་རིབ་ཀྱི་མཐོང་ལམ་ནས་མུན་པའི་ཁོངས་གསེང་གི་ནམ་མཁའ་མཐོང
སྤྲིན་པ་དཀར་ནག་གིས་རྐུབ་ཏུ་ཡིབ་པའི་ངོ་གདོང་དེས
འཇིག་རྟེན་གཞན་ཞིག་གི་སྒེའུ་ཁུང་ཡོད་པའི་གཡབ་མོ་བྱེད་ཀྱིན་པ་འདྲ

འགྲོས་ཚད་མགྱོགས་པའི་སྙིང་ཆུང་གི་འཕར་ལྡིང་དང
ལྷགས་རླུང་གིས་རྩུབ་པའི་སྐྲ་ལོའི་སྨེ་ངག་གིས
ངས་རང་ཉིད་ཧ་ཅང་ཁེར་རྐྱང་ཡིན་པ་ཚོར
ནམ་མཁའ་ནས་ཐུར་དུ་དཔྱངས་ཤིང
གཟའ་བགེག་གིས་ཁྱུར་མིད་རེས་སུ་བྱེད་པའི་ཟླ་བ་ཁེར་འགྲོ་བཞིན
དོ་ནུབ   ང་འགྲུལ་བཞུད་ཁྲོད་ཀྱི་ཁེར་རྐྱང་བ་དེ་ཡིན

འོད་དང་མུན་པ་དཀྲིས་པའི་མཐོང་ལམ་ན
གཟུགས་མ་མཐོང  སྒྲ་མ་ཚོར  རེག་བྱའང་མི་འདུག
རླུང་གིས་ཟད་ཀྱིན་པའི་སྐྲ་ལོ་དང་
ག་ལེར་འཛད་ཀྱིན་པའི་མིག་ཆུའི་ཐིགས་པ་ལས
ངས་ཁེར་རྐྱང་འདི་ཚོར་བ་ཞིག་ཡིན་པ་ཙམ་མ་ཟད
འཚོ་སྟངས་ཤིག་ཡིན་པ་གཞི་ནས་ཚོར
                                         ༢༠༡༢་་༤་་༢༩ཉིན་མདང་གི་རྨི་ལམ་ལས་འཕྲོས་ཏེ་ཤར་མར་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།