གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་རྒྱུགས་དེའི་གསེང་དུ།

2012-08-16 12:02:00 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།


ཁོད་ཡངས་པའི་རྟ་རྒྱུགས་དེ་ནི
ལག་པ་གྲི་ལ་བརྡར་བ་ལྟར
ཞེད་སྣང་ངང་རྨ་ཆུ་ལ་བལྟས་ཡོད
རྨ་ཆུ་འདིར་རབ་ཁ་ཞིག་ཡོད་ན
ང་རང་ཐེ་ཚོམ་མེད་པར་བརྒལ་འདོད

མཚན་མོ་རེ་རེ་ནི་དྲག་ཆར་བབས་པ་ལྟར
རྨི་ལམ་ཡང་ནས་ཡང་དུ་དཀྲོགས་ཤིང
ལུག་རྫི་ཡིན་པའི་བྱིས་དུས་ཤིག་དང་འདྲ་བར
ཝ་དང་སྤྱང་ཀི་ལ་སྐྲག་ཅིང
དྲག་ཆར་དང་ལྷགས་རླུང་ལ་ཞེད
རྟ་རྒྱུགས་དེའི་གསེང་གི་མཚན་མོ
ཉི་ཤུ་ལྟ་བུའི་མུ་ནག་ཅིག་ཡིན

རྨ་ཆུ་ནི་སྐག་བསྐོས་པའི་སྨད་བཙོང་མ་ཞིག་དང་འདྲ་བར
འདོད་ཧམ་ཅན་གྱི་སྐྱེ་བ་ཚོས་བསྐོར་ཏེ
མགྲིན་པ་བརྣངས་པར་བྱེད    སྲེད་པ་རྒྱས་པར་བརྩམས
གླ་བར་ཁུ་བས་གང་བའི་དུས་སུ
སྔས་འགྲམ་དུ་སྒོར་ལྔ་བཅུ་ལས་ལྷག་མེད
ཨམ་ཚུགས་ངང་ཉིན་དང་མཚན་ལ་བསྲན་ནའང
ཟས་ཐུན་གཅིག་གི་ཡོང་སྒོ་དེ་གང་དུ་སྦེད་ཆོག

རྫོང་མཁར་ཆུང་ཆུང་དེ་ནི་གྲོག་མས་གང་ཞིང
འགྲུལ་ཁང་ཆུང་ཆུང་དེའང་སྡོམ་དང་སྐྱག་སྦྲང་གིས་གང
སུ་ཞིག་གིས་སྡོམ་ཚང་དེར་ལག་པས་རེག་ན
ས་འགུལ་གནམ་རྡིབ་ཀྱི་ལས་ནི་བརྗོད་ལས་འདས་སོ

གྲོག་ཚང་རྡོག་པས་གནོན་མཁན་དེ་དག
སྤྱང་ཀི་དང་ཝ་མོ་ལས་འུག་པ་འགའ་ཡང་ཡོད་དེ
མཚན་གུང་སྐར་མའི་ཚོགས་ལའང་མེ་མདའ་འཕེན་སྲིད
ཀི་ཅོ་འདོན་སྲིད     ཁྱི་རྒྱགས་དགུང་ལ་ཟིག་པ་བཞིན་ནོ
      སྤྱི་ལོ༢༠༡༢ལོའི་ཟླ༨པའི་ཚེས༡༠དགོང་མོ་རང་མགྲོན་ཁང་དུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།