གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུག་པའི་འཚོ་སྟངས་ལ་ཞེན་པའི་ཁོང་ཚོ།

2012-08-07 18:33:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།

         
འུག་པའི་འཚོ་སྟངས་ལ་ཞེན་དྲགས་པའི་ཁོང་ཚོ་།
ཐུན་གསུམ་གྱི་མཚན་མོ་མང་པོ་།
སྲིན་འབུ་མེ་འཁྱེར་གྱི་ཁང་ཆུང་དུ་།
ལྷན་སྐྱེས་ཀྱི་བཞིན་ངོ་དཀར་དམར་ཚོས་ཀྱིས་འབག་ཏེ་།
སྦི་རག་ཆུ་འཐུང་དང་འདྲ་བའི་ཆུ་སྲམ་མང་པོས་།
ལྟོ་ཁམ་རེ་བསྐྱལ་རྒྱུར་འགུག་།
མཚན་མོ་མང་པོ་།
སྲིན་འབུ་མེ་འཁྱེར་ལྟ་བུའི་ཁང་ཆུང་རུ་འགུག་པའི་ཁོང་ཚོ་།
ལང་ཚོའི་མེ་ཏོག་ཁད་ཀྱིས་རྙིད་ཅིང་།
འབྱུང་འགྲིབ་ན་ཟུག་གི་འཚིར་བས་ལུས་ཟུངས་ངང་གིས་བཅོམས་།
གཞི་ནས་འུག་པའི་འཚོ་སྟངས་ལ་ཞེན་པ་གཏིང་ནས་ལོག་པའི་ཁོང་ཚོ་།
ཉི་མའི་འོད་ཟེར་ལ་རེ་འགུག་བྱེད་ཀྱིན་།
མུན་ཁུང་གི་ཁང་ཆུང་རུ་ཡིད་ཆད་དང་སྨྲེ་ངག་ཁྲོད་།
ཆེས་མཐའ་མའི་མི་ཚེའི་རྫོགས་ཚིགས་ཀྱང་བཀོད་དགོས་བྱུང་།
ཀྱེ་ཧུད་…སྦི་རག་ཆུ་འཐུང་དང་འདྲ་བའི་ཆུ་སྲམ་དེ་ཚོ་ཡང་།
སྲིན་འབུ་མེ་འཁྱེར་གྱི་ཁང་ཆུང་དེ་ནས་།
སྡོང་རྐང་གི་རྩ་བ་རིམ་གྱིས་སྐམ་ཏེ་།
ལོ་འདབ་མེ་ཏོག་ཡོད་ཚད་རུལ་མྱག་སྨུག་ནག་ཏུ་སོང་ཞིང་།
ཉི་མའི་ཚ་དྲོད་ཀྱི་བདེ་བ་མྱོང་ཁོམ་མ་བྱུང་བར་།
ན་ཟུག་དང་འགྱོད་གདུང་འདྲེས་མའི་ངུ་ངག་ཁྲོད་ཕྱི་མའི་ལམ་ལ་བཞུད་།
འདི་ནི་འུག་པའི་འཚོ་སྟངས་ལ་ཞེན་པའི་ཁོང་ཚོའི་མི་ཚེ་རེད་ལ་འཚོ་བ་ཟེར་ན་ཡང་རེད།    
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།