གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ་ཞིག་གི་ལྟག་རྒྱབ་ན།

2012-08-01 12:47:00 འོད་འཛིན། ཀློག་གྲངས། མཆན ཡོད།

           མི་ཚེའི་བདེན་པ།
མི་ཚེ་ཐུང་གི་ཟེར་བ་དེ་ཅི་མ་བདེན
བོར་ཟིན་པའི་ངའི་མི་ཚེ་འདི་རྒྱ་སྲང་དུ་གཞལ་གྱིན་ན
གདོད་མ་དང་ད་ལྟའི་བར་དོ་དེ
ཇ་ཕོར་གང་འཐུང་ཡུན་ཙམ་ལས་མི་འདུག
 
མི་ཚེ་རིང་ནི་རེད་ཟེར་བའང་བདེན་པར་འདུག
བོར་ཟིན་པའི་ངའི་མི་ཚེ་འདིའི་གོམ་པ་རྩིས་ཐོར་རྒྱག་གིན་ན
སྔོན་མ་ནས་དེང་གི་བར་དོ་དེ
གྲམ་གཞུང་གི་རྡོ་བ་ལས་ཀྱང་མང་གིན་འདུག
 
མི་ཚེ་རྟག་ནི་རེད་ཟེར་བ་དེ་རྫུན་ལར་ནས་མ་ཡིན
བོར་ཟིན་པའི་ངའི་མི་ཚེ་འདིའི་ཁ་སང་ལ་ཕྱིར་རྣ་ཞིག་བླགས་ཀྱིན་ན
ཁ་སང་དང་དེ་རིང་གི་ཧེ་བག་དེ
གཤིན་རྗེ་རྒྱལ་པོ་ཡིན་ཡང་འབྱེད་པར་དཀའ
 
མི་ཚེ་རྟག་ནི་མ་རེད་ཟེར་བའང་རྫུན་མིན་པར་སྙམ
བོར་ཟིན་པའི་ངའི་མི་ཚེ་འདིའི་གཤིས་ཀ་དེས་བཤད་ཀྱིན་ན
ན་ནིང་ནས་ད་ལོའི་ཧེ་བག་དེ
སྤོབས་པ་ཆེ་ཆུང་ཞིག་གིས་ཡོངས་སུ་ཆོད་ཡོད་ཟེར
 
མི་ཚེ་དབང་རྒྱུ་རེད་ཟེར་བ་དེ་ལབ་ཅིག་རེད
བོར་ཟིན་པའི་ངའི་མི་ཚེ་འདིའི་ཐོད་རུས་ཐོག་ན
ཆུང་དུས་ནས་ཆེ་དུས་མཚམས་སུ
དབང་མ་སོང་བའི་ལོ་རྒྱུས་ཀྱི་སྐག་སྒྲ་གྲག་གི
 
མི་ཚེ་དབང་རྒྱུ་མ་རེད་ཟེར་བ་དེ་ནི་ཤོབ་ཅིག་རེད
བོར་ཟིན་པའི་ངའི་མི་ཚེ་འདིའི་མགོ་བོ་མ་འགྱོག་པར་བསམ་ན
བྱིས་དུས་ནས་གཞོན་དུས་མཚམས་སུ
ཤུགས་ཀྱི་མ་འདང་བའི་རང་གི་ཀླད་པ་དེ་ལན་ནས་འདུག
 
 
           མི་ཚེའི་རང་དབང༌།
བདག་ནི  མི་དང་ཚེ་ཞེས་པའི་ཐ་སྙད་བརྗིད་མོ་ཞིག་གི་ཕུགས་ཏོ་རུ་ཙོག་ནས
ཤ་བཀྱིགས་རུས་བཀྱིགས་སུ་མ་གཏོགས་པའི་སེམས་ཅན་དུ་བསྒོམས་ཀྱང
མགྲིན་པ་ཉ་ཕྱིས་ཀྱིས་གཙང་སྟེ་སྐད་ཆ་སྦོམ་པོ་རེ་ལབ་ན
རྐང་བ་ས་ཐོག་ཏུ་བཙུགས་པའི་འགྲུལ་བ་ཚོའི་གྲལ་ནའང་སྡོད་ཐབས་མེད
 
བདག་གིས་རང་ཁ་རང་གསོས་བྱས་ཏེ་རྐུ་ཐབས་སུ་གནས་མ་མྱོང་ཡ
སྐྱེས་དུས་ནས་མཉམ་དུ་ཆས་པའི་གཤིས་ཀ་དང་དེའི་ཁ་ལྕེ
སྒོར་མོ་མང་པོ་ཞིག་གམ   ཡང་ན་དཔུང་བ་སྦོམ་པོ་ཞིག་གི
ཐེལ་ཚེ་དམར་པོ་ཞིག་མེད་ན་ངུ་མི་ཆོག་པ་དེ་སུ་ཡིས་བསྩལ
 
མི་ཚེའི་ཀླད་ཞོ་ཁོལ་ཁོལ་དུ་འཕྱུར་བའི་དམར་རྗེན་གྱི་སེམས་པུ
མྱི་སྐད་སྒྲོག་པའི་གྲལ་མཐའ་ཞིག་ཏུ་ཁེར་རྐྱང་ངང་སྒུར་དུས
སྡོད་མི་ཚུགས་པའི་བདག་གི་མཇིང་པ་དབུགས་ཀྱིས་འཚང་ནའང
ཐོབ་ཐང་ཟེར་བ་དེ་དང   དབང་ཆ་ཟེར་བ་དེ་ཡིས་བདག་ནི་མཐོང་གི་མི་འདུག
 
 
         མི་ཚེའི་ལས་སྐལ།
མི་ཚེ་འདིས   ལོ་རྒན་བགྲེས་པོས་གནང་བའི་ཞྭ་མོ་མོད་པོ་གྱོན་ཚར་ཐལ
མི་ཚེ་འདིས   གོང་མ་ཆེན་པོས་བཀྱོན་པའི་བཙན་ལུང་མང་པོ་བཏོན་ཚར་ཐལ
 
ཅི་ཡིན་མ་རྟོགས་པའི་ངའི་མི་ཚེ   གང་ཡིན་མ་ངེས་པའི་ངའི་མི་ཚེ
བསྡད་ནི་མ་ཆོག་པའི་ངའི་མི་ཚེ   འགྲོ་ནི་མ་ཆོག་པའི་ངའི་མི་ཚེ
ལྟ་དབང་ཟད་འདུག་པའི་ངའི་མི་ཚེ   བཤད་དབང་ཡིབ་འདུག་པའི་ངའི་མི་ཚེ
 
མི་ཚེ་འདི   རྒྱང་རིང་ཞིག་ནས་བརྒྱུགས་འོངས་ཀྱང
སྡོད་ཁང་མ་རྙེད་པ་དེ་ཁྱོད་མ་ཡིན་ནམ
མི་ཚེ་འདི   ཐག་རིང་ཞིག་ནས་ཆས་འོངས་ཀྱང
ལས་སྐལ་མ་ཐེམས་པ་དེ་ཁྱོད་མ་ཡིན་ནམ
 
མི་ཚེའི་ཟ་མ་རྒྱག་ཙིག་ཟོས་ཏེ   བདག་གིས་ཡང་གཅིག་བཤད
གལ་ཏེ   "མི་ཚེ་མི་ཚེ"གླེང་བ་དེ
གསེར་གྱི་ཐུ་ལུམ་འཕྱར་བའི་དཔའ་བོ་རང་གཤིས་ཅན་ཞིག་ཡིན་ཟེར་ན
ངའི་མི་ཚེ་འདི་ཐུ་ལུམ་མི་ཐེག་པའི་འཕྱེ་བོ་ཞིག་ཅི་ལ་མིན
ཡང་ན   ཡན་ལག་མེད་པའི་ས་འབུ་ནག་རིང་ཞིག་ལོས་ཡིན་ཨང
 
ཅིའི་ཕྱིར་ན   མི་ཚེ་གཞན་ཞིག་གི་མཇུག་སྣེ་རུ་འཁུན་སྒྲ་ལྷང་ལྷང་སྒྲོག་བཞིན
མགོ་བོ་ནང་དུ་དུད་ནས་ནུར་གྱིན་པ་དེ་རིག་གིན་འདུག
གང་ཞེ་ན    མཐེ་བོང་གནམ་ལ་བཏེགས་ཏེ་སློང་ཕོར་ཁྲོག་ཁྲོག་ཏུ་གཡུག་བཞིན
ངོ་གདོང་འཛུམ་གྱིས་བྱུགས་ནས་འདུར་གྱིན་པ་དེ་མཐོང་གིན་འདུག
                2011 - 4 - 8
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།