གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ་བསྟན་འཛིན་མཁའ་འགྲོ་བདེ་བར་འཚར་ལོངས་ཤོག

2012-07-18 17:04:00 ཤོ་ཤར་ཚེ་རིང་རྒྱལ་པོ། ཀློག་གྲངས། མཆན ཡོད།


འབྲས་ལྡན་དུས་ཀྱི་གསེར་མདོག་གིས་བཀླུབས་པའི་
གོང་པོ་རིའི་གཤམས་འདབས་སུ།
རེ་སྨོན་སྟོང་ཕྲག་དང༌།
སེམས་འཚབ་དགའ་བ་ཟུང་གི་ངང༌།
ངའི་གཅེས་འོས་ཀྱི་བུ་མོ།
ངའི་ཤ་ལས་མཆེད་པའི་ཚེ་སྲོག་གི་ཆུ་རྒྱུན།
སྙིང་རྗེ་བའི་བུ་མོ་ཆུང་ཆུང༌།བསྟན་འཛིན་མཁའ་འགྲོ་
ཙེར་ཙེར་གྱི་ངུ་སྒྲ་དང་སྦྲགས།
འཇིག་རྟེན་འདིར་བདེ་བར་སླེབས་བྱུང༌།
ངའི་ཤ་ལས་མཆེད་པའི་བུ་མོ་ཆུང་ཆུང༌།
ཁྱེད་བདེ་བར་སླེབས་ཐུབ་པ་ནི།
ཁྱེད་རང་གི་རླུང་རྟ་རེད་ལ།
ང་གཉིས་ཕ་མ་གཉིས་པོའི་ལས་དབང་ཚོགས་བསགས་ཀྱི་འབྲས་བུའང་ཡིན་སྲིད།
འབྲས་ལྡན་དུས་ཀྱི་གསེར་མདོག་ས་གཞི་ནི།
ཡོད་ཚད་སྨིན་ཐག་ཆོད་པའི་དཔང་པོ་ཡིན།
འདི་ནི་རྟེན་འབྲེལ་བཟང་རབས་ཤིག་ཡིན་ལ།
འདི་ནི་བུ་མོ་ཁྱེད་རང་འཇིག་རྟེན་འདིར་
ལྟེ་ཁྲག་ལྷུང་བའི་དུས་ཚིགས་རེད།
གཅེས་འོས་ཀྱི་བུ་མོ་ཆུང་ཆུང༌བསྟན་འཛིན་མཁའ་འགྲོ།
དུས་བཞིའི་སོ་ཚིགས་གསལ་བའི་གོང་པོ་རིའི་གཤམས་འདབས་ཀྱི་རྩེད་ཐང་ནི།
ཁྱེད་ཀྱི་སྐྱེས་ས་རེད།
འབྲས་བུའི་འཁུར་གྱིས་ལྗིད་པའི་དུས་ཚིགས་ནི།
ཁྱེད་ཀྱི་སྐྱེས་སྐར་རེད།
གོང་པོ་རིའི་གཤམས་འདབས་ཀྱི་རྩེད་ཐང་ནི།
ཁྱེད་ཀྱིས་ཐོག་མར་མཐོང་བའི་འཇིག་རྟེན་འདིའི་ཟུར་ཆ་ཆུང་ཆུང་དེ་རེད། ངའི་བུ་མོ་ཆུང་ཆུང་བསྟན་འཛིན་མཁའ་འགྲོ།
མྱུར་མྱུར་བདེ་བར་འཚར་ལོངས་ཤོག།
འཚར་ལོངས་རྗེས།
ཁྱེད་ཀྱིས།
འཇིག་རྟེན་འདི་ནས།
མང་པོ་མང་པོ་ཞིག་མཐོང་ཐོས་མྱོང་ཐུབ་ལ།
མང་པོ་མང་པོ་ཞིག་ལ་ངེས་ཤེས་རེ་ཡང་རྙེད་ཐུབ།
   ༢༠༡༡ལོའི་ཟླ་བ་༤ཚེས་༡༠ཉིན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།