གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཛེས་མ་ཁྱེད་ལ་བསྐུར་བའི་འཕྲིན་པ།

2012-07-11 21:32:00 རྒྱལ་སྲས། ཀློག་གྲངས། མཆན ཡོད།


རྩེད་ར་ཞིག་སྲན་ཕུང་བཞིན་འཐོར་བའི་སྐྱོ་ངལ་ལྗི་མོ་དེའི་ཁྲོད་ན།
ལས་བཀོད་དང་དུས་སྐར་ཀྱི་འཇབ་རྒོལ་མ་ཐེག་པའི་ཁྱེད་རང་།
གོམ་གསུམ་གྱི་འདེགས་འཇོག་བར་ན།
ཤུགས་རིང་དང་སྨྲེང་སྐྱོ་ཐར་ཐུར་དུ་འབབ་པ་བདག་གི་ཆེད་དུ་ཡིན་ནམ།
 
ག་ལ་ཡིན་ཏེ།ཁྱེད་ཀྱི་དུངས་བ་མཁའ་དབྱིངས་སུ་འཕུར་བའི་སྔ་རྗེས་སུ།
བདག་ལ་ཡོད་པ་ནི། རྔས་མགོ་བརླན་ལ་སྦྱར་བའི་སྐྱོ་ཡུས་དང་།
བདག་ལ་ཐེམ་པ་ནི། སྙིང་གི་ལྡིང་མཚམས་བོར་བའི་ན་ཟུག་འདི་མ་ཡིན་ནམ།

ལང་ཚོའི་མེ་སྟག་གི་མཆེད་འབར་བར་ནས།
བདག་གི་འཇིག་རྟེན་ལ༼མེ་ཏོག་༽དང་༼སྐུ་སྲས་༽ལྟ་བུའི་སྒོ་བྱང་འགེལ་དོན་ཡང་།
ཁྱེད་ཀྱི་དྲོ་ལ་འཁྱག་པའི་སྙིང་ཁོངས་དེ་ནས།
བངག་གི་ཞོ་ལ་བསྙལ་བའི་དུངས་སེམས་འོ་མ་དཀར་བོའི་ཞིམ་མངར།
རྫཽགས་མེད་ཀྱི་སྐྱཽ་གདུང་དང་མཉམ་དུ་རུལ་སོང་བས་ཡིན་ཡ།

ལོ་ངོ་བཞི་ཡི་ཐེམ་པ་ཧྲིལ་བོར།
བདག་གི་སྐྱོ་གདུང་དང་སྡུག་རུས་ཀྱི་ན་ཟུག་འཕྱར་ནས།
གཅོད་དགོས་ལ་བཅད་ཟིན་པའི་བརྩེ་སེམས་ཀྱི་རྒྱུད་སྐུད་མཐའ་དག་གི་རྗེས་ན།
ད་དུང་ཡང་། བཙུམ་པའི་མིག་གོང་ནས་ཡང་ཡང་འཆར་བའི་ཁྱོད་ཡ།
ཁྱོད་ཀྱི་རྒྱུ་འཕྲུལ་གྱི་ཞགས་པ་ཅི་ཞིག་བདག་ལ་ཐེབས་ཡོད།

བགྲང་བྱ་བཞི་བོར་འཇལ་འཕྲད་དང་ཟུར་མིག་གི་གོད་ཆགས་འགམ་དུས།
བདག་གི་སེམས་ཚེགས་ནི་ཁྱོད་རང་དྲན་སྲིད་པ་དང་བདག་གི་སྤྲོ་སྣང་ནི་ཁྱེད་དང་འཕྲད་སྲིད་པ་དེ་ཡིན།
ཡིན་ཀྱང་། ད་ལྟ་བྲལ་སྟངས་ཅིག་གིས་རི་རབ་གྱི་བར་གྱང་མཐུག་པོའི་ལོགས་གཉིས་སུ།
ཁྱེད་ཀྱི་ཡོད་ཚད་མིག་གི་སྤྱོད་ཡུལ་ལས་ཀྱང་ཐལ་བའི་ལན་ཆགས་འདི་གཅིག་པུ་བདག་ལ་དབང་།

ཡང་ན།  སྐྱོ་སྡུག་གི་ངོ་གདོང་མཆི་མས་དཀྲུས་པའི་མཚན་མོ་རེ་རེར།
ཁེར་རྐྱང་གི་ཟླ་འོད་སྒེའུ་ཁུང་ལས་བཞུར་འོངས་དུས།
དྲན་གདུང་གི་སྙན་ངག་མིག་ཆུས་ཤར་ཤུར་དུ་གྱེར་བཞིན་རབ་གསལ་ངོགས་སུ།
བདག་གིས་ཁྱེད་ཀྱི་ལོག་མི་སྲིད་པའི་གཟུགས་བརྙན་ལ་ནམ་ཡང་སྒུག་ཡོད་ཡ།

ཏག་ཏག་མཚན་གུང་གི་ལྷིང་འཇགས་ངོགས་སུ།
བདག་གི་འཇིགས་ཟིན་པའི་བརྩེ་བ་ཞིམ་པོའི་དུར་བྱང་ལ་འཁྲེང་སེམས་བཙུགས་ཡོད་དེ།
བསམས་གཞིགས་ཀྱི་ཀླད་ཁྲག་ཁྱོད་རང་གཅིག་པུའི་ཆེད་དུ་རྒྱུ་བའི་ནམ་གུང་ལ།
ཁྱེད་ཀྱིས་སུ་ཞིག་གི་བརྩེ་བ་རུམ་གང་རུམ་ནས་གཉིད་ཡོད་ཡ།
ཁྱེད་སེམས་ལ་ཆོ་འཕྲུལ་གྱི་འཁྱག་རོམ་རུམ་དགུའི་དར་ཁ་འགྲིག་པ་མིན་ན།
ཁྱེད་ཀྱི་སྙིང་ཁོངས་ལ་དུངས་བའི་མེ་ནུར་དམར་ལམ་མེར་བླུགས་པའི་དུས་སྟོན་ལ་ཡུད་ཙམ་རོལ་དང།

ཁྲག་རྩའི་རབས་ཁ་རེ་རེ་ནས་ད་དུང་ལང་ཚོའི་གླུ་ལེན་ལ།
བསམས་གཞིགས་ཀྱི་གཡོར་གྲུ་ལས་ང་རང་ཁྱེད་ལས་རྒྱང་རིང་དུ་གྱེས་ཟིན་ཀྱང།
གདམ་ག་དང་གང་གིས་ཀྱང་མ་ཁོག་པར་ཁྱེད་ཀྱི་མཚོ་མོར།
བལྟས་བལྟས་རིག་རིག་ལ་ལྕེབས་འགྲོ་བའི་སེམས་པའི་ན་ཟུག་འདི་ལྟ་བུ།
ཁྱེད་ཀྱིས་བཤད་ན་སུ་ཞིག་གིས་མྱངས་མྱོང་ཡ།

ཆུ་འགྲམ་དང་གྲིབ་བསིལ་ལ་ཐིམ་པའི་གཟུགས་བརྙན།
ཡིད་སྨོན་གྱི་མེ་ཏོག་གོས་སུ་ཀླུབས་པའི་བརྩེ་བ།
དགོད་སྒྲ་དང་ཡིད་དུ་འོང་བའི་ཡོད་ཚད།
འཇའ་ཚོན་བཞིན་ཡལ་བའི་སྟོང་སྣང་འདིའི་སྣེ་མོ་ཁྱེད་ཀྱིས་གང་ལ་སྤས་ཡོད།

རི་མཐོན་པོའི་རྩེ་ནས་སྨོན་ལམ་གྱི་རྒྱུན་ཐག་སྐྱེ་བ་ནས་སྐྱེ་བར་བསྲིངས་ཞིང་།
དགོན་ཆེན་པོའི་འདབས་ནས་གསོལ་འདེབས་ཀྱི་མིག་ཟུང་ཇི་སྲིད་དུ་བཙུམ་ཀྱང་།
བདག་གི་ལྷག་བསམ་གྱི་ཕྱེ་ལེབ་དཀར་བོ།
ལོ་ཟླའི་གཙེགས་རིམ་མཐུག་པོའི་སྐྱོ་ངལ་ལས་མེ་རུ་མཆེད་སོང་།
ཡིད་རྟོན་དང་ཆགས་འཇིགས།   དྲན་གདུང་དང་བསམས་གཞིགས།
ད་ལྟ་ཡོད་ཚད་ཅིག་གྱོན་གོས་དང་མཉམ་དུ་ཕུད་དེ།
བདག་་ལ་མཚན་མོ་ལྟ་བུའི་ལྷིང་འཇགས་ཅིག་ཇི་འདྲ྄་མཁོ་ཨང་།

དུངས་སེམས་སྐྱོ་ངལ་དང་བརྫིས་བའི་སྙན་ངག་འདི།
ཇི་ལྟར་གདུང་བས་དེ་ལྟར་བྲིས་ཟིན་ལ།
ཇི་ལྟར་བྲིས་བས་དེ་ལྟར་གདུང་འགྲོ་བས།
ཁྱེད་ཀྱི་བྲང་གཞུང་ན་གསོན་པའི་སྙིང་ཆུང་དུ་རྒྱུ་བ་ཟུངས་ཁྲག་ཡིན་ན།
བདག་གི་ཁྱེད་ལ་བྲིས་བའི་ཆེས་མཐའ་མའི་སྙན་ངག་འདི་ལས།
སྐྱོ་ངལ་དང་གདུང་སེམས་རེ་གཉིས་མཆི་མས་འཐུས་དང།
དེ་ནི་བདག་གི་ཆེས་མཐའ་མའི་རེ་བ་ཡང་ཡིན་ཡང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།